༈ དེབ་ཀློག་གི་རིན་ཐང་དང་ཤེས་ཡོན་ལ་འཇུག་ཚུལ་ཐོག་གསུང་བཤད་གནང་བ།

༄༅།། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༣༠ ཉིན་རྒྱབ་ཏུ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དྷ་ས་མེ་གྷན་ཉིན་མོའི་སློབ་གྲྭའི་རྩེད་ཐང་དུ་མགོན་པོ་རྒྱལ་ལགས་ཀྱིས་འགྲེམས་སྟོན་གནང་བའི་༧གོང་ས་མཆོག་གི་གསུང་རྩོམ་ཕྱག་དེབ་ཁག་ལ་གཟིགས་ཞིབ་དང་། དེ་རྗེས་སློབ་གྲྭའི་ཚོགས་ཁང་དུ་དེབ་ཀློག་གི་རིན་ཐང་དང་ཤེས་ཡོན་ལ་འཇུག་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད།

talk-at-tcv-day-school1

དེ་ཡང་༧གོང་ས་མཆོག་གི་གསུང་རྩོམ་ཕྱག་དེབ་འགྲེམས་སྟོན་གྱི་གོ་སྒྲིག་པ་མགོན་པོ་རྒྱལ་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ནས་ད་བར་༧གོང་ས་མཆོག་གི་གསུང་རྩོམ་ཕྱག་དེབ་ཁག་འགྲེམས་སྟོན་རིམ་པས་ཞུས་པ་ཁག་གི་ངོ་སྤྲོད་དང་འབྲེལ་མ་འོངས་འཆར་གཞི་རྣམས་གསུངས་རྗེས།

          སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། ༧གོང་ས་མཆོག་ནས་དངོས་སུ་ལྗགས་རྩོམ་མཛད་པ་དང་། གང་ཉིད་ཀྱི་བཀའ་སློབ་དང་གསུང་ཆོས་ཁག་མཁས་པ་གཞན་གྱིས་ཕྱོགས་སྒྲིག་ཞུས་པ། དེ་བཞིན་༧གོང་ས་མཆོག་གི་མཛད་རྣམ་དང་དགོངས་པ་བཞེས་ཕྱོགས་བཅས་ཀྱི་སྐོར་ལ་ཕྱི་རྒྱལ་གྱི་མཁས་པ་ཁག་གིས་བྲིས་པ་སོགས་རྒྱལ་སྤྱིའི་ནང་ཧ་ལམ་དེབ་གྲངས་ཆིག་སྟོང་ཉིས་བརྒྱ་བརྒལ་ཙམ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད། ༧གོང་ས་མཆོག་གིས་ཐད་ཀར་ལྗགས་རྩོམ་གནང་བ་ཨིན་སྐད་དང་བོད་སྐད་གཉིས་ཀའི་ནང་དུ་ཡོད་པ་མ་ཟད། ཨིན་སྐད་དང་བོད་སྐད་ནས་སྐད་ཡིག་གཞན་དུ་བསྒྱུར་བ་ཕལ་ཆེར་སྐད་ཡིག་དྲུག་ཅུ་རེ་གྲངས་ཤིག་ནང་ཡོད། དེ་དག་རྒྱལ་བ་རིན་པོ་ཆེའི་གསུང་ལས་སྐྱེས་པའི་སློབ་མ་ཡིན་ཞེས་བརྗོད་མཁན་གྱི་བོད་པའི་སྤྱི་ཚོགས་ཀྱིས་ཤེས་དགོས་པ་དང་། སློབ་སྦྱོང་བྱེད་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད་ཅེས་དང་།        talk-tcv-day-school2

དེབ་ཀློག་གི་རིན་ཐང་སྐོར་གསུང་དོན། དེབ་བཀླག་ན་རིན་ཐང་ཆེན་པོ་ཡོད་པ་ཡོངས་གྲགས་རེད། གཞིས་བྱེས་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ལྷག་ཙམ་གྱིས་༧རྒྱལ་རིན་པོ་ཆེ་ལ་ཁ་ཞེ་གཉིས་མེད་ཀྱིས་དད་པ་དང་གུས་བཀུར་ཞུ་མུས་ཀྱང་། སྐབས་རེ་ང་ཚོའི་དད་པ་དེ་རྣམ་དཔྱོད་ཅན་གྱི་དད་པ་མིན་པར་རྨོངས་དད་ལྟ་བུར་འགྲོ་བའང་ཡོང་སྲིད། ༧སྐྱབས་མགོན་རིན་པོ་ཆེས་དུས་རབས་ཉི་ཤུ་རྩ་གཅིག་པའི་མི་ཞིག་བྱེད་དགོས་ཞེས་བཀའ་གནང་བ་བཞིན། སྐྱབས་སུ་མཆི་ཞེས་སྨྲས་པ་ཙམ་དང་། ༧གོང་ས་མཆོག་མཇལ་དུས་མིག་ཆུ་འཁྲུག་འཁྲུག་བྱེད་པ་ལྟ་བུ་མིན་པར། གང་ཉིད་ཀྱི་མཛད་པ་འཕྲིན་ལས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་གསུང་གི་མཛད་པའི་ནང་དུ་གང་གསུངས་མིན་ཐོག་སློབ་སྦྱོང་བྱེད་གལ་ཤིན་ཏུ་ཆེ།

          ནུབ་ཕྱོགས་པ་རྣམས་ཀྱིས་༧གོང་ས་མཆོག་གི་གསུང་སྤྱི་དང་། ལྷག་པར་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་སོགས་ཀྱི་སྐོར་ལ་ཧ་ཅང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། བོད་ཀྱི་མི་རབས་གསར་པའི་གཞོན་སྐྱེས་རྣམས་དང་། ལྷག་པར་དུ་ཤེས་ཡོན་ཅན་གྱི་ནང་ནས་ཉམས་ཞིབ་བྱེད་མཁན་ད་བར་བྱུང་མ་སོང་། ཕལ་ཆེར་ཐུགས་ཁག་ཀྱང་མི་འདུགགང་ལགས་ཤེ་ན། ང་ཚོ་ད་ལྟ་ནུབ་ཕྱོགས་ལ་ཕར་ཁ་གཏད་ནས་ལད་ཟློས་བྱེད་པའི་སྐབས་རེད། སྤྱིར་བཏང་ལད་ཟློས་ལའང་ལད་ཟློས་བྱེད་སྟངས་ཡག་པོ་མ་ཤེས་ན། བོད་ཀྱི་གཏམ་དཔེར། ལྷ་ལྕམ་སྐུ་ཞབས་ཀྱི་འགྲོ་སྟངས་ཀྱང་མ་ཤེས། བུ་མོ་ང་རང་གི་འགྲོ་སྟངས་ཀྱང་བརླགས་སོང་ཞེས་པ་ལྟ་བུ་ཡོང་ཉེན་ཡོད།ང་ཚོ་ད་ལྟ་ནུབ་ཕྱོགས་ཀྱི་ཁྲ་ཁྲ་ཟིང་ཟིང་ནང་མགོ་འཐོམས་པའི་སྐབས་རེད། གཅིག་བྱས་ན་ང་ཚོའི་ན་གཞོན་ཚོས་རང་གི་རིན་ཐང་དང་། རང་གི་རིག་གཞུང་གི་རིན་ཐང་ཤེས་རྟོགས་ཐུབ་པར་ད་དུང་ལོ་བཅུ་ཕྲག་ཁ་ཤས་འགོར་སྲིད།འོན་ཀྱང་ཕྱོགས་གང་སར་སྐོར་བ་བརྒྱབས་པའི་མཐའ་མར་སོ་སོའི་ཚང་ལ་མ་གཏོགས་ལོག་ས་གཞན་མེད་ཅེས་དང་།

          སློབ་སྦྱོང་བྱེད་པའི་རིམ་པ་དེ་དེབ་བཀླག་རྒྱུ་དང་། ཡང་ན་དགེ་རྒན་ས་ནས་ཉན་རྒྱུ་གཉིས་རེད། དེ་གཉིས་མ་ཡིན་པའི་ལམ་ཁ་གསུམ་པ་ཞིག་མེད། དགེ་རྒན་ནི་རྟག་ཏུ་ཐོབ་ཆོག་ཆོག་དང་། དུས་ཚོད་ཁོམ་པ། ག་དུས་ཡིན་ནའང་སོ་སོའི་འགྲམ་ལ་ཡོད་པ་ཁག་པོ་རེད།  དེབ་དེ་དགེ་རྒན་སྟབས་བདེ་ཤོས་རེད། དགེ་རྒན་ཁ་ཤས་ཀྱིས་བཀའ་བཀྱོན་ཡང་གནང་གི་རེད། དེབ་ཀྱིས་བཀའ་བཀྱོན་གནང་གི་མ་རེད། སོ་སོའི་སྔས་མགོར་བཞག་སྟེ་ག་དུས་ཀློག་བསམས་ནའང་ཀློག་ཆོག་ཡོད། ནུབ་ཕྱོགས་པའི་སློབ་གཉེར་བ་མང་པོས་མེ་འཁོར་ནང་ཡར་མར་དེབ་བཀླགས་ཏེ་འགྲུལ་བཞུད་བྱེད་ཀྱི་ཡོད། སྤྱིར་དཔེ་ཀློག་གི་རིན་ཐང་ཆེན་པོ་རེད་ལ། སྒོས་སུ་༧སྐྱབས་མགོན་རིན་པོ་ཆེའི་ཕྱག་དེབ་ <<རྡུལ་ཕྲེང་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན>> <<The Universe in a Single Atom>> དེ་ནང་པའི་ཚན་རིག་དང་ནུབ་ཕྱོགས་པའི་ཚན་རིག་གི་རྣམ་གཞག་སྐོར་རེད། དེ་བཞིན་ <<སྟོང་ལོ་གསར་པའི་མི་ཆོས>> <<Ethics for the New Millennium>> དང་། <<བདེ་སྐྱིད་ཀྱི་ཐབས་ལམ>> <<The Art Of Happiness>> <<ཆོས་ལུགས་ལས་འདས་པའི་བཟང་སྤྱོད>> <<Beyond Religion: Ethics for a Whole World>> སོགས་ནི་བསམ་གྱིས་མི་ཁྱབ་པ་དང་གནད་འགག་ཆེ་བ་ཤ་སྟག་རེད། དེབ་དེ་ཚོ་ཕལ་ཆེ་བ་བོད་ཡིག་ཐོག་མེད། ཕྱི་ལོ་ ༢༠༡༧ ནས་༢༠༢༧ བར་ལོ་བཅུའི་ལས་གཞི་ཞིག་གི་ནང་ཨིན་ཡིག་ཐོག་ཡོད་པའི་༧སྐྱབས་མགོན་རིན་པོ་ཆེའི་ཕྱག་དེབ་གལ་ཆེ་བ་ ༢༠ ཐམ་པ་བོད་སྐད་དུ་བསྒྱུར་ནས་པར་འགྲེམས་ཞུ་རྒྱུའི་ལས་གཞི་འགྲོ་བཞིན་ཡོད། སྤྱིར་དེང་སྐབས་ན་གཞོན་ནང་ཨིན་ཡིག་ཤེས་མཁན་མང་བར་བརྟེན།ཕྱག་དེབ་དེ་ཚོ་ངེས་པར་དུ་མཇལ་ཐུབ་ན་ཡག་པོ་ཡོད།སློབ་སྦྱོང་དང་ཤེས་ཡོན་ལ་དེ་ལས་ལྷག་པའི་འཇུག་ཚུལ་ཞིག་གང་ཡང་མེད། ཅེས་དང།

talk-at-tcv-day-3

          ཤེས་ཡོན་ལ་འཇུག་ཚུལ་ནི་ང་ཚོའི་སྲོལ་རྒྱུན་ལྟར་ན། ཚུལ་གནས་ཐོས་དང་བསམ་ལྡན་པས།།  སྒོམ་པ་ལ་ནི་རབ་ཏུ་སྦྱོར།།ཞེས་ཐོག་མར་རང་གི་བཟང་སྤྱོད་དེ་ཡག་པོ་དགོས། དེའི་རྗེས་སུ་ཐོས་པ་དང་། ཐོས་པའི་རྗེས་སུ་བསམ་དགོས་པ་སོགས་རེད། དེང་སང་ཤེས་ཡོན་ལ་འཇུག་ཚུལ་གྱི་རིམ་པ་དེ་ཐོས་པ་རྐྱང་པ་རེད། ཐོས་པའི་རྗེས་སུ་བྱེད་དགོས་པ་གང་ཡང་མེད། ཧ་ཅང་སྟབས་བདེ་པོ་རེད། དྲྭ་རྒྱ་དང་། སྐད་འཕྲིན་སོགས་མང་པོ་ཡོད་རེད། ཧ་ལམ་ཆུ་ཚོད་༢༤ རིང་ལའང་ཐོས་པ་གསག་རྒྱུ་ཡོད། ཡིན་ནའང་ནང་པའི་མངོན་པའི་གཞུང་ལུགས་ནང་ཐོས་བྱུང་གི་ཤེས་རབ་དེ་རང་གི་ཤེས་རབ་མིན་པར་གཞན་ལས་གཡར་བའི་ཤེས་རབ་རེད་ཅེས་གསུངས་ཡོད། ཐོས་བྱུང་གི་ཤེས་རབ་གཅིག་པུ་བྱས་ནས་བསྡད་ན་བུ་ལོན་གཡར་ནས་བསྡད་པ་ལྟ་བུ་རེད། སོ་སོར་ཕན་ཐོགས་གང་ཡང་མེད། བསམ་བྱུང་གི་ཤེས་རབ་དེ་རང་ཉིད་ཀྱི་ཤེས་རབ་རེད་ཅེས་སོགས་གསུངས་རྗེས། སྤྱིར་དེབ་བཀླག་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་བོད་པ་ཞིག་ཡིན་པའི་ཆ་ནས་༧སྐྱབས་མགོན་རིན་པོ་ཆེའི་ཕྱག་དེབ་དེ་ཚོ་བཀླག་རྒྱུ་ཧ་ཅང་གལ་ཆེན་པོ་རེད།ང་ཚོ་མང་ཆེ་བ་༧གོང་ས་མཆོག་ལ་དད་པ་ཡོད་མཁན་ཡིན་སྟབས། རྒྱུ་མཚན་ཤེས་པའི་དད་པའི་ཐོག་འགྲོ་རྒྱུའི་ཆེད་དུ་༧སྐྱབས་མགོན་རིན་པོ་ཆེའི་གསུང་རྣམས་མཇལ་བ་ཡིན་ན་ངེས་པ་ཞིག་རྙེད་ཀྱི་རེད་ཅེས་སོགས་གསུངས་ཡོད།

སྐབས་དེར་གསུང་བཤད་གསན་མཁན་དོན་གཉེར་ཅན་མི་གྲངས་ཉིས་བརྒྱ་ཙམ་ཕེབས་ཡོད་ཚུལ་འདུག