དཔེ་སྟོན་སློབ་གྲྭའི་དགེ་རྒན་རྣམས་ལ་གསུང་བཤད་གནང་བ།
ཇི་ལྟར་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ ༢༠༡༦ ཕྱི་ཟླ་ ༥ ཚེས་ ༢༨ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་དཔེ་སྟོན་སློབ་གྲྭའི་ཚོགས་ཁང་དུ་སྟེང་ཤོད་གཉིས་ཀྱི་དཔེ་སྟོན་སློབ་གྲྭའི་དགེ་རྒན་བཞི་བཅུ་ཙམ་ལ་ཤེས་ཡོན་སྲིད་བྱུས་ཀྱི་ངོ་བོ་དང་། ཤེས་ཡོན་སྲིད་བྱུས་དང་སློབ་ཚན་འཆར་གཞི་བར་གྱི་ཁྱད་པར། བོད་ཀྱི་སྐད་ཡིག་གི་ཕྱུག་ཚད། སྐད་ཡིག་དེའི་ནང་གནས་པའི་རིག་གཞུང་དང་ལེགས་བྱང་རྣམས་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཇི་ཙམ་ཕན་ཐོགས་ཆེ་ཚུལ། ཤེས་ཡོན་སྲིད་བྱུས་ཀྱི་གནད་རྟོགས་མཁན་ཧ་ཅང་ཉུང་ངུ་ཡིན་པའི་མཐོང་སྣང་བྱུང་ཚུལ་སོགས་དང་འབྲེལ་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་སྙིང་པོའི་སྐོར་གསུང་བཤད་གནང་བ་མ་ཟད། བཀའ་འདྲི་ཁག་ལ་བཀའ་ལན་ཡང་གནང་ཞིང་། སྐབས་དེར་སམ་བྷོ་ཊའི་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་དང་། དཔེ་སྟོན་སློབ་གྲྭའི་སློབ་སྤྱི་སོགས་ཕེབས་འདུག