རྒྱུད་སྟོད་གྲྭ་ཚང་དུ་འཇིགས་བྱེད་ལྷ་བཅུ་གསུམ་མའི་རིམ་གཉིས་ཀྱི་ཟབ་ཁྲིད་གནང་བ།
བཞུགས་སྒར་དྷ་རམ་ས་ལའི་ཉེ་འགྲམ་དུ་ཆགས་པའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༢ ནས་ཚེས་ ༢༥ བར་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནས།
རྒྱུད་སྟོད་མཁན་པོ་བྱ་རྡོ་རིན་པོ་ཆེ་མཆོག་དང་། དེ་བཞིན་མཁན་ཟུར་རིན་པོ་ཆེ་བློ་བཟང་རྡོ་རྗེ་མཆོག་དང་མཁན་ཟུར་རིན་པོ་ཆེ་བསྟན་འཛིན་བྱམས་པ་ཆོས་བཟང་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་གཙོས་གདན་ས་གསུམ་དང་། རྒྱུད་སྨད། བཀྲིས་ལྷུན་པོ། ར་སྟོད་གྲྭ་ཚང་སོགས་ནས་ཕེབས་པའི་བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་མཚོན་ཕྱོགས་འདུས་ཀྱི་སེར་སྐྱ་བཅས་དད་ལྡན་ཆོས་ཞུ་བ་སྟོང་ཚོ་བརྒལ་བར་ཁྱད་ཆོས་ལྔའི་སྒོ་ནས་ཁྱད་པར་དུ་འཕགས་པའི་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་བསྐྱེད་རྫོགས་ཀྱི་ཟབ་ཁྲིད་རྗེ་ཤེས་རབ་རྒྱ་མཚོའི་ཡིག་ཆའི་ཐོག་ནས་ཉིན་བཅུ་བཞིའི་རིང་དགྱེས་བསྩལ་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༢ ཉིན་སྔ་དྲོ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཕེབས་འབྱོར་སྐབས་གྲྭ་ཚང་གི་ལས་སྣེ་རྣམས་ནས་ཕེབས་བསུ་དང་། ཉིན་རྒྱབ་ཏུ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་གཙུག་ལག་ཁང་དུ་ཨ་ཁུ་ཤེས་རབ་རྒྱ་མཚོས་མཛད་པའི་འཇམ་དཔལ་དུས་དགྲའི་དབང་པོ་མ་ཧེའི་གདོང་ཅན་བཅུ་གསུམ་ལྷའི་འཁོར་ལོའི་རིམ་གཉིས་ཀྱི་ཟབ་ཁྲིད་ཟིན་བྲིས་འཇིགས་མཛད་རྡོ་རྗེའི་ཞལ་ལུང་གི་བཀའ་ཁྲིད་མ་གནང་གོང་དུ་སྔོན་འགྲོའི་ཀུན་སློང་བཅོས་ཚུལ་དང་། ལྷག་པར་དེང་ཆེས་ཛ་དྲག་གི་དུས་འདིར་ང་ཚོ་ཚང་མས་སྤྱི་པའི་བསོད་ནམས་གོང་མཐོར་གཏོང་དགོས་པ་དང་། ཆིག་བསྒྲིལ་གྱི་དམ་ཚིག་ཟོང་ཁ་གཅིག་ཏུ་གནས་དགོས་པའི་རིན་ཐང་བྲལ་བའི་བཀའ་སློབ་བསྩལ།
༢༠༡༦ ཕྱི་ཟླ་ ༤ ཚེས་ ༡༣ གསུང་ཆོས་ཀྱི་ཉིན་གཉིས་པར། ༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཐོག་མར་སྔོན་འགྲོའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་ཁག་དང་། གསང་སྔགས་ཀྱི་སྤྱི་བཤད་རྒྱས་པར་གསུངས་རྗེས། ཨ་ཁུ་ཤེས་རབ་རྒྱ་མཚོས་མཛད་པའི་འཇིགས་བྱེད་ལྷ་བཅུ་གསུམ་མའི་རིམ་གཉིས་ཀྱི་ཟབ་ཁྲིད་ཟིན་བྲིས་ཀྱི་བཀའ་ཁྲིད་དངོས་གཞི་དབུ་འཛུགས་མཛད་དེ། ༢༠༡༦ ཕྱི་ཟླ་ ༤ ཚེས་ ༢༥ གསུང་ཆོས་ཀྱི་ཉིན་བཅུ་བཞི་པར་བཀའ་ཁྲིད་རྫོགས་པར་བསྐྱངས།
ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༦ ཉིན་སྔ་དྲོ་རྡོ་རྗེ་སེམས་དཔའ་དང་དམ་ཚིག་རྡོ་རྗེའི་རྗེས་གནང་བསྩལ་འཕྲལ། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ངོས་ནས་བཀའ་དྲིན་གཏང་རག་དང་། མགོན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་བོད་བསྟན་སྲིད་དོན་དུ་རླབས་ཆེན་གྱི་མཛད་བཟང་གེགས་མེད་ལྷུན་འགྲུབ་ཡོང་ཆེད་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱ་རྡོ་རིན་པོ་ཆེ་མཆོག་གིས་རྡོ་རྗེ་སློབ་དཔོན་གནང་སྟེ། འདུས་ཚོགས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཚོགས་འཁོར་དང་འབྲེལ་བའི་བརྟན་བཞུགས་བསྟར་འབུལ་ཞུས།
དེ་ཉིན་གུང་ཚིགས་ཀྱང་དཔལ་རྒྱལ་དབང་ཀརྨ་པ་མཆོག་དང་། གྲྭ་ཚང་གི་མཁན་ལས་ཟུར་རྣམ་པའི་ལྷན་དུ་གནང་འདུག