ཆོས་ལུགས་ཕན་ཚུན་བགྲོ་གླེང་ཚོགས་འདུར་གསུང་བཤད་གནང་བ།
༢༠༡༥ ཕྱི་ཟླ་ ༣ ཚེས་ ༢༤ ཉིན་ཡུ་ནི་སེཕ་ (Unicef) གྱི་མཐུན་འགྱུར་འོག་སྤནྡན་ (Spandan) ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་གོ་སྒྲིག་འོག་སཱཾཅཱི་ (Sanchi) རུ་ཨེམ་པི་སྤྲོ་འཆམ་ལས་ཁུངས་ (M.P. Tourism) ཀྱི་མགྲོན་ཁང་དུ་ “གཙང་སྦྲའི་ཐོག་ཆོས་ལུགས་ཕན་ཚུན་བགྲོ་གླེང་” (Inter-religious dialogue on sanitation) ཞིག་ཚོགས་ཡོད་པ་རེད།ཐོག་མར་སྤནྡན་ཚོགས་པའི་འགན་འཛིན་སྐུ་ཞབས་ཨནིལ་སཽམིཏྲ་ (Anil Saumitra) ནས་ཚོགས་འདུ་འདི་འདྲ་ཞིག་ཚོགས་དགོས་པའི་དམིགས་ཡུལ་དང་། ཡུ་ནི་སེཕ་གྱི་མི་སྣ་སྐུ་ཞབས་ཨནིལ་གུལཱཊཱི་ (Anil Gulati) ནས་མཐུན་འགྱུར་གནང་དགོས་པའི་དམིགས་ཡུལ། ཡུ་ནི་སེ་ཕ་གྱི་མི་སྣ་སྐུ་ཞབས་ཇོན་སན་ (Johnson) ནས་མངའ་སྡེ་འདིའི་ནང་བྱིས་པའི་གཙང་སྦྲའི་གནས་སྟངས་དང་། ཡུ་ནི་སེཕ་ངོས་ནས་གང་དང་གང་གནང་མིན་སོགས། ཡུ་ནི་སེཕ་གྱི་མངའ་སྡེའི་འགན་འཛིན་སྐུ་ཞབས་ཀྲེ་རེ་ཝར་ཀ་ལརྐ་ (Trevor Clark) ནས་ཐོག་མར་ཚོགས་ཞུགས་ཡོངས་ལ་ནཱིམ་ (Neem) གྱི་སྡོང་བུ་རེ་དང་མེ་ཏོག་རེ་ཕུལ་ཏེ་དགའ་བསུ་ཞུས་པ་མ་ཟད། མངའ་སྡེ་འདིའི་ནང་ཕྲུ་གུ་ཆུང་དུས་ནས་འཆི་བའི་གྲངས་ཀ་ཧ་ཅང་མཐོ་བ་དང་། དེའང་རྒྱུ་རྐྱེན་ཆེ་ཤོས་ཤིག་གཙང་སྦྲ་ལ་ཐུག་ཚུལ།
དེ་ལ་ཕན་ཆེད་ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་དང་ཕྱག་ལས་གནང་འདོད་ཡོད་ཚུལ་བཅས་དང་། དེ་ནས་ཆོས་ལུགས་ཀྱི་དབུ་ཁྲིད་དྲུག་གིས་སོ་སོའི་ཆོས་ལུགས་ནས་བྱུང་བའི་གཙང་སྦྲའི་སྐོར་སོགས་གསུངས།
སློབ་དཔོན་ཟམ་གདོང་རིན་པོ་ཆེས་ལུས་ངག་ཡིད་གསུམ་གའི་གཙང་སྦྲ་གལ་ཆེ་ཚུལ་དང་། ནང་པའི་གཞུང་ལུགས་ནང་གཙང་སྦྲའི་སྐོར་ཧ་ཅང་རྒྱས་པོ་ཡོད་ཚུལ། ལྷག་པར་དུ་འདུལ་བའི་ནང་གསང་སྤྱོད་དང་ཁྲུས་ཁང་། ཆུའི་ཡུར་བ། གཙང་སྦྲ་བྱེད་ལུགས་བྱེད་སྟངས་བཅས་ཇི་ལྟར་དགོས་མིན་སོགས་ཞིབ་ཕྲ་གསུངས་ཡོད་ཚུལ། ལམ་རིམ་ནང་སྦྱོར་བ་ཆོས་དྲུག་སྐབས་ཐོག་མར་གཙང་སྦྲ་ཇི་ལྟར་དགོས་མིན་གསུངས་ཚུལ། ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་ཀྱིས་སོ་སོས་ཉམས་ལེན་གྱིས་རྗེས་འཇུག་ལ་གསུང་ཐུབ་ན་ཕན་ཁྱད་ཆེ་ཚུལ། དེང་སང་འབྱུང་བ་ལྔ་ག་འབགས་བཙོག་བཟོས་པ་དེ་གཙང་སེལ་ཇི་ལྟར་དགོས་མིན་ཐོག་ཐུགས་བསམ་བཞེས་དགོས་ཚུལ། འདོད་རྔམས་ཀྱི་རྗེས་སུ་མ་རྒྱུག་པར་སོ་སོའི་དགོས་མཁོའི་ཐོག་གནས་མཁན་ཞིག་བྱུང་ན་གཙང་སྦྲའང་ཡོང་ཐུབ་ཚུལ། ལྷག་པར་དུ་བསམ་པ་དག་པ་ (Pure motivation) དང་མཐུན་རྐྱེན་དག་པ་ (Pure means) དགོས་ཚུལ་སོགས་རྒྱས་པར་གསུངས།
དེ་རྗེས་ཆོས་ལུགས་ཀྱི་དབུ་ཁྲིད་དྲུག་གིས་རང་གི་དགོངས་ཚུལ་རྣམས་གསུངས། མཐར་དབུ་ཁྲིད་རྣམས་ཀྱི་མཚན་རྟགས་འཁོད་པའི་ཁྱབ་བསྒྲགས་ཤིག་ཀྱང་འདོན་སྤེལ་གནང་སོང་།
བགྲོ་གླེང་འདིར་མདྷྱ་པྲདེཤ་མངའ་སྡེའི་ཡུ་ནི་སེཕ་གྱི་འགན་འཛིན་སྐུ་ཞབས་ཀྲེརེཝར་མཆོག་དང་ལས་བྱེད་རྣམ་པ། དེ་བཞིན་ཧིནྡཱུ་དང་། ཁ་ཆེ། ཡེ་ཤུ། སིཁ། རྒྱལ་བ་པ། བྲཧྨཀུམཱརཱི་བཅས་ཆོས་ལུགས་ཁག་གི་དབུ་ཁྲིད་དང་ཤེས་ཡོན་པ་སོགས་མང་པོ་ཕེབས་འདུག