བོདྷ་ཤཱ་ལཱའི་ནང་སློབ་གཉེར་ཞེས་པའི་ཕྱག་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཐོག་ཕེབས་པ།
༄༅།། ༢༠༡༤ ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན་ཕྱི་དྲོ་མ་སུ་རི་ (Mussoorie) ཉེ་འགྲམ་དུ་ཀེམ་ཊི་ (Kempty) ས་གནས་སུ་རྟེན་གཞི་བྱས་པའི་སིདྡྷ་ཚོགས་པའི་ཚོགས་ཁང་དུ་ཚོགས་པ་དེར་ཡུན་རིང་ཤེས་ཡོན་ཐོག་ཕྱག་ལས་གནང་མཁན་སྐུ་ཞབས་རཱཇན་བེངྐཊེཤ་ལགས་ཀྱིས་བརྩམས་པའི་ “བོདྷ་ཤཱ་ལཱའི་ནང་སློབ་གཉེར་” (Learning at Bodhshala) ཞེས་པའི་ཕྱག་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་པ་དང་། ཐོག་མར་ཚོགས་པ་དེའི་ལྟ་སྐྱོང་འོག་ཡོད་པའི་སློབ་གྲྭའི་སློབ་ཕྲུག་འགའ་ཤས་ནས་སློབ་གྲྭ་དེའི་ནང་སློབ་སྦྱོང་བྱེད་རིང་གི་རང་གི་མྱོང་ཚོར་གསུངས་པ་དང་།
དངོས་གཞིའི་མཛད་སྒོའི་སྐབས་ཐོག་མར་སྐུ་མགྲོན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པ་ཆེས་མར་མེ་ཞལ་དབྱེ་གནང་མཚམས། སིདྡྷ་ཚོགས་པའི་འགན་འཛིན་འབུམ་རམས་པ་པབན་ཀུམཱར་གུཔྟཱ་ལགས་ནས་དཔེ་དེབ་རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས་ཤིག་གནང་རྗེས་རྩོམ་པ་པོ་རཱཇན་བེངྐཊེཤ་ལགས་ཀྱིས་དཔེ་དེབ་བརྩམས་པའི་དགོས་དམིགས་སོགས་རྒྱས་པར་གསུངས། དེ་ནས་སླར་ཡང་འགན་འཛིན་པབན་ཀུམཱར་གུཔྟཱ་ལགས་ཀྱིས་ཁོ་རང་ལོ་བཅུ་ཕྲག་སྔོན་དུ་རིན་པོ་ཆེ་མཇལ་ཚུལ་དང་། རིན་པོ་ཆེའི་ཡོན་ཏན་རྣམས་གསུངས་ཏེ་བསྔགས་བརྗོད་ཞུས་རྗེས་རིན་པོ་ཆེས་དཔེ་དེབ་དབུ་འབྱེད་གནང་བ་མ་ཟད། ཤེས་ཡོན་གྱི་ངོ་བོ་གང་ཡིན་པ་དང་། དེང་རབས་ཤེས་ཡོན་གྱི་ཉེས་སྐྱོན་སོགས་ལས་བརྩམས་ཏེ་གསུང་བཤད་རྒྱས་ཙམ་གནང་འདུག སྐབས་དེར་མ་སུ་རི་ (Mussoorie) དང་དེཧ་རཱ་དཱུན་ (Dehradun) ཁུལ་ནས་མཁས་པ་དང་ཤེས་ཡོན་པ་མང་པོ་ཞིག་རིན་པོ་ཆེའི་གསུང་བཤད་ཉན་དུ་ཆེད་ཕེབས་གནང་བ་རེད་འདུག