ས་རཱའི་དཔེ་མཛོད་ཁང་དབུ་འབྱེད་དང་བསླབ་པ་མཐར་སོན་གྱི་མཛད་སྒོར་ཆིབས་སྒྱུར་གནང་བ།
ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཞུགས་སྒར་དྷ་རམ་ས་ལའི་ཉེ་འགྲམ་དུ་ཡོད་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དབུ་དགེ་བློ་བཟང་རྒྱ་མཚོ་དཔེ་མཛོད་ཁང་གསར་པ་དབུ་འབྱེད་དང་། རིག་གནས་སྐབས་བཅུ་གསུམ་པའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་སློབ་ཐོན་སློབ་མ་༢༥ ཙམ་ལ་ཕྱག་འཁྱེར་བསྩལ་བ། དེ་བཞིན་རིག་གནས་སྐབས་བཅུ་གསུམ་པའི་སློབ་མ་ཁག་ཅིག་གི་ཆེད་རྩོམ་ཕྱོགས་བསྒྲིགས་༼ས་མཐའི་ལྗང་སྨྱུག་༽དང་། རྣམ་གྲྭ་ཐུབ་བསྟན་རྣམ་རྒྱལ་ལགས་ཀྱིས་བརྩམས་པའི་༼མི་རིགས་ཀྱི་སྐད་ཡིག་གླེང་བ།༽ སྤེན་པ་ལགས་ཀྱིས་བརྩམས་པའི་༼བོད་གངས་ཅན་གྱི་སྒྲ་རིག་པའི་གནད་དོན་གསལ་བ་རིན་ཆེན་འཕྲུལ་གྱི་མེ་ལོང་༽བཅས་རིམ་པར་དབུ་འབྱེད་གནང་།
གཞན་ཡང་མཛད་སྒོའི་ཐོག་སྐུ་མགྲོན་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་དང་། རིག་ལམ་སློབ་གཉེར་ཁང་གི་དྲུང་ཆེ་དགེ་ལེགས་ལགས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་འཇམ་དཔལ་གྲགས་པ་ལགས། བོད་མི་མང་སྤྱི་འཐུས་དང་རྒྱལ་རབས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་སོགས་ས་རཱ་མཐོ་སློབ་ཀྱི་དགེ་རྒན་དང་ལས་བྱེད། སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༡༥༠ ཙམ་ལ་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན།
དེ་རིང་འདིར་ཚོགས་འདུར་ཕེབས་པའི་སྐྱབས་ཡུལ་དགེ་འདུན་པ་རྣམ་པ་དང་། བཀུར་འོས་སྤྱི་འཐུས་རྣམ་པ། ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ལ་སོགས་པའི་གཞུང་ཞབས་ལས་བྱེད་རྣམ་པ། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི། དེ་བཞིན་དགེ་རྒན་ལས་བྱེད། ལྷག་པར་དུ་དེ་རིང་མགྲོན་གྱི་གཙོ་བོ་ཕྱི་ལོ་ ༢༠༡༤ ནང་བསླབ་པ་མཐར་སོན་པའི་སློབ་ཕྲུག་རྣམ་པ་བཅས་ཚང་མར། ཁྱེད་ཚོས་ལོ་མང་པོའི་རིང་ཐོས་བསམ་སློབ་གཉེར་བྱས་པའི་འབྲས་བུར་མིང་རྟགས་བཞེས་པའམ་བསླབ་པ་མཐར་སོན་པའི་ཕྱག་འཁྱེར་བཞེས་པའི་གོ་སྐབས་འདིའི་ཐོག་ཚང་མར་འཚམས་འདྲིའི་བཀྲིས་བདེ་ལེགས་དང་། ལོ་མང་པོར་ཐོས་བསམ་སློབ་གཉེར་བྱས་ནས་གྲུབ་འབྲས་ཐོན་པ་དེར་བཀྲིས་བདེ་ལེགས་ཡོད།
སློབ་གཉེར་ཐོན་པའི་གྲུབ་འབྲས་སུ་རང་གི་གཏན་གྱི་འདུན་མ་འགྲུབ་པ་ཞིག་དང་། སེམས་ཅན་ཐམས་ཅད་ཀྱི་ཞབས་འདེགས་ཞུ་ཐུབ་པ་ཡོང་བའི་ཆེད་དུ་ང་ཚོ་ནང་པའི་སློབ་གཉེར་ཚང་མ་དེ་ལྟར་བྱེད་ཀྱི་ཡོད་པ་རེད། སྤྱིར་བཏང་ཕྱོགས་གཅིག་ནས་བསླབ་པ་མཐར་སོན་ཞེས་བརྗོད་དུས་ཁྱེད་ཚོ་མི་སློབ་ལམ་ལ་སླེབས་པ་ལྟ་བུ་རེད། མི་སློབ་ལམ་ལ་སླེབས་ན་བསླབ་རྒྱུ་གཞན་གང་ཡང་མེད། སྔོན་མ་ང་ཚོ་རྒྱ་གར་དུ་འབྱོར་ཙམ་ལ་ལག་འཁྱེར་སྤྲོད་རྒྱུའི་མཛད་སྒོ་དེ་ལ་བསླབ་པ་མཐར་སོན་པའི་དགའ་སྟོན་ཞེས་བརྗོད་དགོས་སམ་མི་དགོས་དེའི་ཐོག་བགྲོ་གླེང་ཧ་ཅང་མང་པོ་བྱུང་བ་རེད།
དགེ་ལྡན་ལུགས་བཟང་རིག་གཞུང་གཅེས་སྐྱོང་ཁང་གིས་དགེ་ལུགས་དགེ་བཤེས་ཚོར་ཕྱག་འཁྱེར་ཕུལ་བ་དེ་དང་པོ་ལྟ་བུ་རེད། སྐབས་དེར་བསླབ་པ་མཐར་སོན་ན་མི་སློབ་ལམ་ལ་སླེབས་པ་རེད་དམ་ཞེས་སྐད་ཆ་བྱུང་བ་རེད། འོན་ཀྱང་ད་ལྟ་བསླབ་པ་ཞེས་པ་དེ་དོན་མང་པོ་ཞིག་ལ་འཇུག་གི་ཡོད། ང་ཚོས་དེང་སང་ནུབ་ཕྱོགས་པའི་ལྟ་སྟངས་དང་། ནུབ་ཕྱོགས་པའི་བསམ་ཚུལ་ཐོག་ནས་གནས་ཚུལ་མང་པོ་ཞིག་ལེན་གྱི་ཡོད་པ་རེད།
ནུབ་ཕྱོགས་པའི་ཤེས་ཡོན་སློབ་སྦྱོང་བྱེད་སྟངས་ནང་སློབ་ཁྲིད་དང་ཉམས་ཞིབ་ (Teaching and Research) དང་། ཡང་ན་སློབ་གཉེར་དང་ཉམས་ཞིབ་ (Study and Research) ཞེས་སྡེ་ཚན་ཁག་གཉིས་སུ་ཕྱེ་ཡོད།
བསླབ་པ་མཐར་སོན་ཞེས་པ་དེ་དགེ་རྒན་སྐུ་མདུན་ནས་སྦྱོང་བརྡར་བྱེད་རྒྱུ་དེ་ཟིན་ནས་སོ་སོ་རང་གིས་སློབ་སྦྱོང་བྱེད་རྒྱུ་དེ་མགོ་འཛུགས་རྒྱུ་ཡིན་ཞེས་པའི་དོན་དག་ཡིན་པའི་ཁུལ་རེད། Graduation and Convocation ལ་བསླབ་པ་མཐར་སོན་པ་ཞེས་བོད་སྐད་ནང་རང་འཇགས་བཞག་པ་རེད།
སློབ་སྦྱོང་དང་། སློབ་གསོ། སློབ་ཁྲིད་ཟེར་བའི་ལས་རིམ་དེ་སློབ་དཔོན་ལག་འཁྱེར་ (Master Degree) ཞིག་ཐོབ་ན་རྫོགས་པ་ལྟ་བུ་རེད། དེའི་རྗེས་སོ་སོའི་ངོས་ནས་གཏིང་ཟབ་སློབ་སྦྱོང་དེ་གཞི་ནས་མགོ་འཛུགས་བྱེད་རྒྱུ་ཞིག་རེད།
ཐོག་མར་གཞི་རིམ་གྱི་སློབ་ཚན་མང་པོ་ཡོད་པ་དེ་དག་ཆ་ཚང་དང་། དེ་ནས་སློབ་དཔོན་ (Master) འཛིན་རིམ་ལ་སླེབས་སྐབས་སློབ་ཚན་ཉུང་དུ་བཏང་སྟེ་བྱེ་བྲག་པ་འགའ་ཤས་ཐོག་སྦྱང་དགོས་པ། དེ་ནས་སོ་སོའི་དོ་སྣང་ཡོད་པ་དེའི་ཐོག་རིགས་གཅིག་རྐང་འཛིན་བྱེད་རྒྱུའི་གོ་སྐབས་སུ་སླེབས་པ་རེད།
དེས་ན་སློབ་གྲྭ་དང་མཐོ་རིམ་སློབ་གྲྭ་ཐོན་རྗེས་སོ་སོས་གཏིང་ཟབ་པོ་སློབ་སྦྱོང་བྱེད་རྒྱུ་དེ་གཞི་ནས་མགོ་ཚུགས་དགོས་པ་དང་། གང་ལྟར་མི་ཚེའི་ནང་གནས་ཚུལ་གང་འདྲ་ཞིག་ཡིན་རུང་། རྗེ་རིན་པོ་ཆེས་གསུངས་པ་བཞིན། གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས།། ཚིམས་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས།། ཞེས་ཞིབ་ཚགས་པོས་ཉམས་ཞིབ་བྱས་ནས་སྦྱང་དགོས་པ་དེ་གཞི་ནས་མགོ་ཚུགས་པ་ལྟ་བུ་རེད།
དེ་དང་ཆབས་ཅིག་ཏུ་ཐར་པ་དོན་གཉེར་གྱི་བློ་ཡོད་པ་དང་། ཆོས་ལ་དད་པ་ཡོད་པ་ཞིག་ཡིན་ན་ཉམས་ལེན་བྱེད་རྒྱུ་དེ་རེད། རྗེ་རིན་པོ་ཆེས། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཞེས་ཐར་པ་དོན་གཉེར་གྱི་བློ་མེད་པ་ཞིག་ཡིན་རུང་། མིའི་འགྲོ་བར་སྐྱེས་པ་ཡིན་སྟབས། མི་ཡ་རབས་ཤིག་ཡོང་བའི་ཐབས་ཤེས་བྱེད་རྒྱུ་དང་། མི་ཚེ་དེས་མི་ཚང་མར་ཕན་ཐོགས་པ། གལ་སྲིད་ཕན་ཐོགས་པ་ཞིག་མ་བྱུང་ནའང་། སུ་ལའང་འཚེ་བ་མེད་པ་ཞིག་དགོས།
སངས་རྒྱས་ཀྱིས་འཚེ་བ་མ་བྱེད་གསུངས་པ་དེ་ཆོས་རྐྱང་པའི་ཐོག་ནས་གསུངས་པ་ཞིག་མིན། ཆོས་ཀྱི་ནང་ལ་འཚེ་བ་མེད་པ་དེ་གལ་ཆེན་པོ་རེད་དེ། ཆོས་ལ་དད་པ་མེད་པ་ཞིག་ཡིན་རུང་། འཚེ་བ་བྱེད་པ་དེ་ཁྲིམས་འགལ་རེད། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལྟ་བུ་ཡིན་ན། ཡིད་ཀྱི་ལས་གསུམ་པོ་དེར་ཁྲིམས་ཐོག་ནས་ཉེས་པ་གཏོང་ཐབས་གང་ཡང་མེད། འོན་ཀྱང་ལུས་ངག་གི་མི་དགེ་བ་བདུན་པོ་དེར་ཁྲིམས་ཐོག་ནས་ཉེས་པ་གཅད་རྒྱུ་ཡོད་པ་ཞིག་རེད།
དེར་བརྟེན་ཡུལ་ཁྲིམས་ཚུལ་བཞིན་སྲུང་བའི་ཐོག་ནས་ལུས་ངག་གི་མི་དགེ་བའི་ལས་བདུན་སྤོང་བ་དང་། འཚེ་བ་མེད་པའི་ཉམས་ལེན་གྱི་བསམ་བློའི་ཐོག་ནས་ལུས་ངག་གི་མི་དགེ་བ་བདུན་པོ་དེ་སྤོང་བ་གཉིས་དགོངས་པ་གཅིག་ཡིན་རུང་། དེ་ལ་བརྟེན་ནས་སོ་སོར་ཁེ་བཟང་ཆེ་ཆུང་གི་ཁྱད་པར་ཆེན་པོ་ཡོད་པ་སྨོས་མ་དགོས། དེས་ན་ཆོས་དད་ཡོད་མེད་ལ་མ་ལྟོས་པར། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མིའི་བཟང་སྤྱོད་ཐུན་མོང་མ་ཡིན་པ་དེ་མི་ཉམས་རྒྱུད་འཛིན་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་༧གོང་ས་མཆོག་གི་མཛད་ཆེན་བཞིའམ་གསུམ་གྱི་ནང་དུའང་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་གསུངས་པ་དེ་ཆོས་དད་ཡོད་མེད་ལ་མ་ལྟོས་པར་འགྲོ་བ་མི་ཞིག་ཡིན་ཕྱིན་ཆད་འཚེ་བ་མེད་པའི་མི་ཞིག་བྱེད་དགོས་པ་དེ་ཐུགས་གལ་ཆེན་པོར་གཟིགས་པ་དེའི་ཐོག་ཚང་མས་དགོངས་པ་བཞེས་ཐུབ་ན་ཡག་པོ་ཡོད་རེད།
ད་ལྟ་ཤེས་རིག་དྲུང་ཆེས་གསུངས་པ་བཞིན་ས་རཱ་མཐོ་སློབ་དེས་བོད་ཀྱི་རིག་གནས་དང་སྤྱི་ཚོགས་ལ་ཞབས་འདེགས་རླབས་ཆེན་ཞུས་ཡོད། མ་འོངས་པར་བོད་པའི་དེ་བྱུང་རིག་པའམ་བྱུང་བ་རིག་པའི་ཐོག་སློབ་ཚན་མགོ་འཛུགས་བྱ་རྒྱུའི་འཆར་གཞི་བསྒྲིགས་ཡོད་པ་དེ་ངས་གལ་ཆེན་པོ་རེད་བསམ་གྱི་འདུག
བོད་པའི་བྱུང་བ་རིག་པ་དེ་ཆ་མ་ཚང་བ་དང་མ་འདྲེས་པ་ཞིག་མེད་ལ། དེང་རབས་ཀྱི་ཚན་རིག་དང་མཐུན་པའི་བྱུང་བ་རིག་པ་མཐར་ཐུག་པ་ཞིག་ཀྱང་མེད། དེས་ཡང་ཡང་མ་ཚང་བ་དང་མ་འདང་བ་ཞིག་བསམ་བློའི་ནང་ཤར་ཡོང་གི་འདུག
དེ་ཡང་བོད་པ་གཅིག་པུའི་གནས་ཚུལ་མ་རེད། ཁྱོན་ཡོངས་ཀྱི་ཨེ་ཤི་ཡའི་ལུང་པ་ཕལ་མོ་ཆེའི་ནང་བྱུང་བ་རིག་པ་དེ་སྐྱོ་པོ་རེད། ལྷག་པར་དུ་དབུས་ཨེ་ཤི་ཡའི་རྒྱལ་ཁབ་དེ་ཚོས་བྱུང་བ་རིག་པར་ཐུགས་སྣང་མ་གནང་བ་དེ་ཧ་ཅང་གསལ་པོ་རེད། བོད་དང་དབུས་ཨེ་ཤི་ཡའི་ལུང་པ་མང་པོའི་བར་ཆོས་དང་། རིག་གཞུང་། ཆབ་སྲིད། མཚམས་རེ་དམག་འཐབ་སོགས་འབྲེལ་བ་གཏིང་ཟབ་ཡོད་པ་རེད། སྐབས་རེ་གྲོགས་པོ་དང་། སྐབས་རེ་དགྲ་བོ་བྱེད་པའི་དུས་ཚོད་བྱུང་ཡོད་ཀྱང་། ད་ལྟ་དེ་ཚོ་ཁ་ཤས་སྒྲུང་གཏམ་ལོ་རྒྱུས་ལྟ་བུ་ལས། ཡང་དག་པའི་བྱུང་བ་རིག་པའི་འགྲོ་སྟངས་དང་མཐུན་པ་ཞིག་ཤོད་རྒྱུ་ཡོད་པ་དཀོན་པོ་རེད།
ཇོ་བོ་རྗེའི་བསྟོད་པའི་ནང་། རྒྱ་གར་ཤར་ནུབ་ལི་དང་བལ་པོའི་ཡུལ།། ཞེས་བྱུང་བ་བཞིན། ལི་ཡུལ་སྐོར་བསྟན་བཅོས་མང་པོའི་ནང་ཡོང་གི་ཡོད། དེ་བཞིན་རྒྱ་གར་གྱི་སྐད་ནས་ལི་ཡུལ་གྱི་སྐད་ལ་བསྒྱུར་བ་དང་། ལི་ཡུལ་གྱི་སྐད་ནས་བོད་སྐད་ལ་བསྒྱུར་བ་དེ་འདྲ་ཡོད་པ་རེད། འོན་ཀྱང་ང་ཚོས་ད་ལྟ་ལི་ཡུལ་འདི་རེད་ཅེས་ཐག་གཅོད་ཅིེག་ཏུ་སླེབས་ཐུབ་མེད། དགེ་འདུན་ཆོས་འཕེལ་གྱིས་ཐག་གཅོད་ཅིག་གནང་ཡོད་ཀྱང་། དེ་མཐའ་མའི་ཐག་གཅོད་ཅིག་ཏུ་ཨེ་འགྲོ དེ་མཚུངས་ལི་ཡུལ་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བ་རྣམས་བཀའ་འགྱུར་བསྟན་འགྱུར་ནང་ཞིབ་འཇུག་བྱེད་དུས་གང་དང་གང་ཡིན་པ་དང་། ལི་ཡུལ་དང་ང་ཚོའི་དབར་འབྲེལ་བ་གང་འདྲ་ཡིན་པ་རྣམས་གསལ་པོ་རྩ་བ་ནས་མེད།
དེ་བཞིན་ད་ལྟ་ཏུར་ཀི་ (Turkey) ཟེར་བའི་རྒྱལ་ཁབ་དེ་དང་། ཏ་ཇི་ཀིས་ཏན་ (Tajikistan) ཟེར་བའི་རྒྱལ་ཁབ་དེ་ཚོས་བོད་དང་འབྲེལ་བ་ཡོད་པ་ཞིག་ཤེས་ནས་ཞིབ་འཇུག་མང་པོ་བྱེད་ཀྱི་འདུག ཧང་ག་རི་ཡན་ (Hungarian) གྱི་མི་རིགས་དེ་ཚོས་ཀྱང་ཁོང་ཚོའི་མི་རིགས་དེ་བོད་ནས་བྱུང་བ་ཞིག་མིན་འགྲོ་བསམས་ཏེ་ཙོ་མ་ཌི་ཀོ་རོས་ (Tsoma de koros) ཞེས་པ་ཞིག་གིས་བཙལ་དུ་སོང་ཡང་ཐོབ་སོན་བྱུང་མེད།
དེ་འདྲའི་བསམ་ཚུལ་ཡོང་དགོས་དོན་ནི་བྱུང་རབས་ཀྱི་འཕྲོས་འཛར་ཞིག་ལྷག་ཡོད་སྟབས་ཡོང་བ་ཞིག་རེད། དཔེར་ན། ཕྱི་ལོ་བརྒྱ་ཕྲག་བཅུ་གཅིག་པའི་ནང་ལྷ་བླ་མ་ཡེ་ཤེས་འོད་གར་ལོག་རྒྱལ་པོའི་བཙོན་ཁང་ནང་སྐུ་འདས་པ་རེད་ཅེས་བཤད་ཀྱི་ཡོད། གར་ལོག་རྒྱལ་པོ་ཞེས་པ་དེ་ད་ལྟ་བྱུང་བ་རིག་པའི་ཐོག་ནས་ས་ཆ་གང་དུ་ཡིན་པ་དང་། མི་རིགས་གང་ཡིན་པ་སུ་ལའང་བཤད་རྒྱུ་མེད། ནང་ཆོས་ལ་སྡང་ཟུག་བྱེད་མཁན་ཞིག་ལ་ཆ་བཞག་ནས་ཚོད་དཔག་བྱེད་དུས་ཁ་ཆེའི་རྒྱལ་ཁབ་ཅིག་དང་ཨུར་དུ་སྐད་རྒྱག་མཁན་ཞིག་མིན་འགྲོ་བསམས་ཏེ་ཟློས་གར་ནང་དེ་ལྟ་བུ་འཁྲབ་སྟོན་བྱེད་ཀྱི་ཡོད། བོད་དང་ས་འབྲེལ་ཞིག་ཡིན་པ་ཐག་ཆོད་པ་རེད། འོན་ཀྱང་བྱུང་བ་རིག་པའི་ཐོག་ནས་དེའི་ས་མཚམས་དང་། བཙོན་ཁང་ནང་མྱ་ངན་ལས་འདས་ས་འདི་རེད་ཅེས་ང་ཚོར་བཤད་རྒྱུ་མེད།
བོད་དེ་རྒྱ་གར་གྱི་ལོ་རྒྱུས་ལྟར་ལོ་སྟོང་ཕྲག་ལྔ་དྲུག་གི་བྱུང་རབས་གང་ཡང་མེད། ང་ཚོའི་རྒྱལ་ཁབ་ཀྱི་ངོ་བོ་དབུ་བརྙེས་རྒྱུ་དེ་ཕྱི་ལོའི་གོང་གི་བརྒྱ་ཕྲག་གཉིས་པའི་ནང་བརྩི་གི་ཡོད། ལོ་འགའ་ཤས་ཀྱི་ཁྱད་པར་ཙམ་མ་གཏོགས། མཁས་པ་ཚང་མའི་དགོངས་པ་མཐུན་གྱི་ཡོད། ཕྱི་ལོའི་གོང་གི་བརྒྱ་ཕྲག་གཉིས་པ་ནས་ད་བར་ལོ་ཉིས་སྟོང་ཉིས་བརྒྱ་རེད། ལོ་མང་པོ་གང་ཡང་མིན། འོན་ཀྱང་ལོ་ཉིས་སྟོང་ཉིས་བརྒྱའི་བྱུང་རབས་དེའང་ང་ཚོར་སྲ་ཐག་ཐག་ཅིག་བཤད་རྒྱུ་མེད།
དབུས་ཨེ་ཤི་ཡའི་ལུང་པ་དེ་ཚོ་ལྟ་ཞོག ལྷོ་ཤར་ཨེ་ཤི་ཡའི་ལུང་པ་དེ་ཚོ་དང་འབྲེལ་བའང་ང་ཚོའི་བྱུང་བ་རིག་པའི་ཐོག་ནས་གསལ་པོ་རྩ་བ་ནས་མེད།
རྒྱ་བོད་ཧོར་གསུམ་ཞེས་དམག་ཤུགས་དང་དཔལ་འབྱོར་སོགས་སྟོབས་ཤུགས་གང་གི་ཐོག་ནས་དེ་གསུམ་འདྲ་མཚུངས་ཀྱི་རྒྱལ་ཁབ་ཅིག་ཏུ་གནས་པ་དེ་འཇིག་རྟེན་གྱི་ཁ་ངག་ཏུ་འཇགས་ཡོད་པ་རེད།
འོན་ཀྱང་བོད་དང་རྒྱ་ནག་དབར་གྱི་འབྲེལ་བ་དང་། ལྷག་པར་དུ་ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་ནང་རྒྱ་ནག་ལ་དབང་སྒྱུར་བྱེད་མཁན་སོག་པོ་གོང་མས་འགྲོ་མགོན་ཆོས་རྒྱལ་འཕགས་པར་བོད་ཀྱི་རང་དབང་ཕུལ་བ་ནས་བཟུང་རྒྱ་བོད་དབར་འབྲེལ་བ་གང་འདྲ་བྱུང་བ་རེད། ནུབ་ཕྱོགས་པས་བཤད་པའི་མཆོད་ཡོན་གྱི་འབྲེལ་བ་ཟེར་བ་དེ་མ་གཏོགས། ནང་དོན་གྱི་གནས་ཚུལ་མང་པོ་ཞིག་ང་ཚོས་ཤེས་ཀྱི་མེད། དེར་བརྟེན་རྒྱ་ནག་དབུས་ཀྱི་འཁོར་ལོས་བསྒྱུར་བ་ལྟ་བུ་ཞིག་ལ་བརྩིས་ཏེ་རྒྱ་ནག་གི་མཐའ་སྐོར་ལ་ཡོད་པ་ཚང་མའི་ནང་དུས་ཚོད་མང་པོའི་རིང་ཡིན་ཤག་གིས་དབང་སྒྱུར་བྱས་པ་རེད། རྒྱ་ནག་ལ་སོག་པོས་དབང་སྒྱུར་བྱེད་པའི་སྐབས་ལ་ཡིན་ནའང་རེད། རྒྱ་ནག་ལ་མན་ཇུས་དབང་སྒྱུར་བྱེད་པའི་སྐབས་ལ་ཡིན་ནའང་རེད། དེའི་བར་གྱི་དུས་ཚོད་ཐུང་ཐུང་ཞིག་ཡོད་པ་དེའི་སྐབས་ལ་ཡིན་ནའང་རེད། ཁོང་ཚོས་ཝེཏ་ནམ་དང་། ལའོ་སི། ཁམ་བོ་ཌི་ཡ། འབར་མ། ས་ཡམ། ཀོ་རི་ཡ་བཅས་ཚང་མར་འབྲེལ་བ་བྱེད་སྟངས་དེ་ཁ་ཤས་ལ་བོད་པ་དང་གཅིག་མཚུངས་དང་། ཁ་ཤས་ལ་བོད་པ་ལས་སྡུག་པ་བྱས་པ་དེ་འདྲ་ཡོད་རུང་། རྗེས་སུ་གནས་ཚུལ་འགྱུར་བ་ཕྱིན་པའི་སྐབས་ལ་སྔོན་མ་གོང་མས་བདག་རྐྱེན་སྤྲད་པ་དང་། གོང་མས་བསྐོ་བཞག་བྱས་པའི་ལུང་པ་ཚོའི་རྒྱལ་པོ་ཡོད་པ། ལུང་པ་སོ་སོའི་རྒྱལ་པོས་གོང་མ་ལ་ཕྱག་འཚལ་དགོས་པ་བཅས་ཀྱིས་དབང་གིས་ལུང་པ་དེ་ཚོ་རྒྱ་མིའི་ཆ་ཤས་རེད་ཅེས་གཅིག་ཀྱང་མ་བྱུང་བ་རེད། དེའི་ནང་ལ་ཉི་ཧོང་ཡང་ཚུད་ཡོད། དེ་ཚོ་ཚང་མ་ Central Kingdom གི་རྣམ་རྟོག་དེའི་ཐོག་ནས་བལྟས་ནའང་གཅིག་པ་གཅིག་རྐྱང་རེད། གཞན་ཆ་ཚང་གཙང་མ་གཙང་རྐྱང་ཆགས་ཟིན་ཡང་། ང་ཚོ་ད་དུང་ཡང་གནའ་སྔ་མོ་ནས་རྒྱ་ཁོངས་སུ་བསྡད་པ་མིན་འགྲོ་བསམས་པའི་དོགས་པ་ལྷག་ཡོད་པ་ཞིག་རེད། དེ་ཚོ་ཆབ་སྲིད་ཀྱི་གནས་སྟངས་ཤིག་རེད། ལྷག་པར་དུ་ང་རང་ཚོ་བོད་མི་རིགས་ཀྱིས་འཇིག་རྟེན་ཁྱོན་ཡོངས་ལ་འགྲན་ཟླ་མེད་པའི་བྱ་བ་མང་པོ་ཞིག་བྱས་པ་རེད། དེའི་སྐོར་ང་ཚོས་ཤེས་དགོས་པ་དེ་གལ་ཆེན་པོ་རེད། སའི་གོ་ལ་འདིའི་ཐོག་ཡོད་པའི་མི་རིགས་ཀྱི་ཆ་ནས་བཤད་ན། མི་རིགས་སྟོང་ཕྲག་གཉིས་ལྷག་ཙམ་ཡོད་ཟེར་གྱི་ཡོད། རྒྱལ་ཁབ་ཀྱི་ཆ་ནས་བཤད་པའི་མི་རིགས་ (Nation, Nationality) དེ་བཤད་ན་རྒྱལ་ཁབ་ཉིས་བརྒྱ་ལྷག་ཙམ་ཡོད། དེ་ཚོའི་ནང་གང་ལའང་མ་བྱུང་བའི་བོད་མི་རིགས་ཀྱིས་རླབས་ཆེན་གྱི་གྲུབ་འབྲས་བཞག་ཡོད། དེ་ཡང་རྒྱ་གར་ནང་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་སྔགས་ཀྱི་གསུང་རབ་དེ་ཚོ་དང་། དེ་དག་གི་དགོངས་པ་འགྲེལ་པའི་རྒྱ་གར་གྱི་མཁས་པ་ཚོས་མཛད་པའི་བསྟན་བཅོས་དེ་དག་བོད་པ་རང་གི་སྐད་ཡིག་ལ་བསྒྱུར་བ་རེད། བོད་པ་རང་གི་སྐད་ཡིག་དེའང་དེ་དག་ཚང་མ་བསྒྱུར་བའི་ཆེད་དུ་འདང་བ་བཟོས་པ་དེ་ཡང་དུས་ཚོད་ཐུང་ཐུང་ནང་ཡིན་པ་ལས་དུས་ཚོད་རིང་པོ་གང་ཡང་མིན། ཕྱི་ལོ་བརྒྱ་ཕྲག་བདུན་པའི་ནང་ཡིག་གཟུགས་དང་བརྡ་སྤྲོད་བཟོ་མགོ་ཚུགས་ཏེ་ད་ལྟ་ཉིས་སྟོང་བཅུ་བཞིའི་བར་ལོ་ཆིག་སྟོང་སུམ་བརྒྱ་བཞི་རྒྱ་ཡས་མས་ཤིག་ལས་སོང་མེད།
མི་འབོར་གྱི་ཆ་ནས་བཤད་ན་ག་དུས་ཡིན་རུང་ས་ཡ་དྲུག་ཟེར་བ་དེ་མ་གཏོགས་མེད། ས་ཡ་དྲུག་ལོངས་པ་ཞིག་རྒྱུན་ལྡན་དུ་ཡོད་མེད་ཀྱང་དོགས་པ་རེད། བོད་མི་ས་ཡ་དྲུག་ཟེར་བ་དེ་ཕྱི་ལོ་ ༡༢༢༠ རྩ་གྲངས་ནས་དྲུག་ཅུ་རེ་གྲངས་བར་ང་ཚོ་སོག་པའི་འོག་ཏུ་བསྡད་པའི་སྐབས་ལ་སོག་པོས་གྲངས་བཤེར་བྱས་པ་དེ་རེད། དེ་ཡང་ཞིབ་ཚགས་པོ་གང་ཡང་མེད། དུད་ཚང་གཅིག་གམ་ཐབ་ཚང་གཅིག་འཛིན་མཁན་ལ་ཆ་སྙོམས་ནང་མི་དྲུག་ཡོད་པར་ཆ་བཞག་པ་རེད། དེ་ནས་བརྒྱ་ཚོ་དང་། སྟོང་ཚོ། ཁྲི་ཚོ་བཅས་ཁྲི་སྐོར་བཅུ་གསུམ་ལ་བརྩིས་པ་དེ་རེད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ལོ་ ༢༠༠༠ ལོའི་མི་འབོར་གྲངས་བཤེར་དེར་བལྟས་ན། ས་ཡ་ལྔ་དང་གྲངས་ཆུང་ཁ་ཤས་ལས་མེད། དེ་འདྲའི་མི་ཉུང་ངུ་ཞིག་གིས་དུས་ཚོད་ཐུང་ངུའི་ནང་བཀའ་འགྱུར་བསྟན་འགྱུར་རླབས་ཆེན་པོ་དེ་ཙམ་བསྒྱུར་ཐུབ་པ་དང་། འགྱུར་དེ་དག་ཀྱང་ཡང་བསྐྱར་ལེགས་སྦྱར་སྐད་ནང་བསྐྱར་གསོ་ཐུབ་པའི་ཚད་དང་ལྡན་པ་ཤ་སྟག་རེད། སྒྲ་དང་དོན། རྣམ་དབྱེ་དང་ཚིག་ཕྲད། ཉེ་སྒྱུར་བཅས་ཀྱི་ཆ་ནས་ཆ་ཚང་མཐུན་པ་དེ་བོད་སྐད་མ་གཏོགས་མེད། དཔེར་ན་ལེགས་སྦྱར་གྱི་སྐད་ནས་སྐད་ཡིག་གཞན་གྱི་ནང་བསྒྱུར་བ་དེ་ཚོའི་ནང་བལྟས་དུས། བོད་ཀྱི་སྐད་ཡིག་མ་གཏོགས་ལེགས་སྦྱར་གྱི་ཡན་ལག་ཚང་མ་ཚང་བ་གཅིག་ཀྱང་མེད་པ་དེ་ཧ་ཅང་གསལ་པོ་རེད། ཉེ་སྒྱུར་ལ་ཆ་བཞག་ན། ཤུདྡྷ་ལྟ་བུའི་ཚིག་ལ། ཉེ་སྒྱུར་སྦྱར་ཏེ་བིཤུདྡྷ། པརིཤུདྡྷ་ལྟ་བུ་བོད་སྐད་ནང་སྒྱུར་དུས། དག་པ་ལྟ་བུའི་ཚིག་ལ། ཉེ་སྒྱུར་སྦྱར་སྐབས་རྣམ་པར་དག་པ། ཡོངས་སུ་དག་པ་བཅས་ལེགས་སྦྱར་ནང་ཡོད་པ་ཇི་མ་ཇི་བཞིན་སླེབས་པ་མ་གཏོགས། སྐད་ཡིག་གཞན་གྱི་ནང་དེ་ལྟར་འཐོན་མི་ཐུབ། དཔེར་ན་ཉེ་སྒྱུར་དེ་ལེགས་སྦྱར་སྐད་ནས་དབྱིན་སྐད་ལ་བསྒྱུར་ནའང་ཚིག་ཚང་མ་དོན་གཅིག་པ་ཆགས་རྒྱུ་རེད།
བོད་སྐད་ནང་བསྒྱུར་བའི་བཀའ་འགྱུར་དང་བསྟན་འགྱུར་དེ་ཚོ་མེད་ན། རྒྱ་གར་གྱི་རྩོམ་རིག་མང་ཆེ་བ་ད་ལྟ་སའི་གོ་ལ་འདིའི་ཐོག་ནས་མཚན་ཙམ་ཡང་གོ་རྒྱུ་མེད་པ་ཡལ་ཟིན་པ་བཤད་མ་དགོས།
དེ་ཚོའི་ཐོག་ཕྱག་ལས་གནང་སྟངས་ཀྱང་ཧ་ཅང་ཚན་རིག་དང་མཐུན་པ་ཞིག་བཟོས་ཡོད། དཔེ་མཛོད་རིག་པ་ལྟ་བུར་མཚོན་ནའང་། སྡེ་ཚན་དབྱེ་རྒྱུ་དང་དཀར་ཆག་འགོད་རྒྱུ་ (Classification and Cataloguing) ཞེས་པ་ཚན་རིག་དང་མཐུན་པ་བཟོ་མཁན་སྔ་ཤོས་དེ་བོད་པ་ཡིན་ཤས་ཆེ།
ཕྱི་ལོ་བརྒྱ་ཕྲག་བརྒྱད་པའི་ནང་ནས་དཀར་ཆག་ལྡན་དཀར་མ་དང་དཀར་ཆག་འཕང་ཐང་མ་ལ་སོགས་པ་དཀར་ཆག་རིམ་པ་གསུམ་ཙམ་བྱུང་ཟིན། དེའི་ནང་ནས་ད་ལྟ་གཉིས་རག་གི་ཡོད་རེད། དེ་ཚོར་བལྟས་ན་ཤེས་ཡོན་གྱི་གནས་ཚད་མཐོ་པོས་ཕྱག་ལས་གནང་བ་ཤ་སྟག་རེད།
དེ་དག་ང་ཚོའི་བྱུང་བ་རིག་པ་དང་མཐུན་པའི་ལོ་ཙཱ་བ་ཚོའི་མཚན་གྱི་རྣམ་གྲངས་དང་། ལོ་ཙཱ་བ་ཚོའི་རྣམ་ཐར། ལོ་ཙཱ་བ་དེ་དག་གིས་ཕྱག་དཔེ་གང་དང་གང་བསྒྱུར་བ། རྒྱ་གར་གྱི་པཎྜིཏ་སུ་དང་སུ་ལ་གཏུགས་པ་སོགས་ལོ་ཙཱ་བ་གྲགས་ཅན་རེ་ཟུང་གི་རྣམ་ཐར་མ་གཏོགས། གཞན་ཐོབ་ཏུ་མེད།
ད་ལྟ་བོད་ནང་ལོ་ཙཱ་བ་ཚོའི་སྐོར་ཞིབ་འཇུག་གིས་ལོ་ཙཱ་བ་ཚོའི་རྣམ་ཐར་དང་སྒྲ་བསྒྱུར་རིག་པའི་ཐོག་དེབ་ཆེན་པོ་འགའ་ཤས་ཐོན་འདུག དེ་ཚོ་ཧ་ཅང་ཡག་པོ་རེད།
འོན་ཀྱང་བོད་ནས་ཐོན་པའི་དེབ་དེ་ཚོར་ཡང་དཀའ་ངལ་ཅིག་ཡོད་པ་རེད། རྒྱ་སྐད་ནང་ཡོད་པའི་རྣམ་ཐར་དེ་ཚོ་རུབ་རུབ་བྱེད་ཐུབ་པ་མ་གཏོགས། ལེགས་སྦྱར་གྱི་སྐད་དང་རྒྱ་གར་གྱི་སྐད་ཡིག་གཞན་ནང་ཡོད་པ་དེ་དག་བསྡུ་ཐུབ་པ་དང་ཚང་བ་བྱེད་ཐུབ་པ་ཧ་ཅང་ཁག་པོ་ཆགས་ཡོད།
དེར་བརྟེན་བོད་པའི་སྒྲ་སྒྱུར་གྱི་བྱུང་བ་རྐྱང་པའི་ཐོག་ཆ་ཚང་བའི་བྱུང་བ་རིག་པའི་ཞིབ་འཇུག་དང་གྲུབ་འབྲས་ཀྱི་དེབ་དེ་འདྲ་བཟོ་ཐུབ་ན། འབྱུང་འགྱུར་གྱི་ལོ་སྟོང་ཕྲག་ནང་ཕན་ཐོགས་པོ་ཞིག་ཡོང་གི་རེད། ང་རང་ཚོའི་གནའ་བོའི་རྗེ་བློན་པཎ་གྲུབ་ལོ་ཆེན་དེ་ཚོས་ག་དུས་ཡིན་ནའང་ལོ་སྟོང་ཕྲག་འགའ་ཤས་ཀྱི་རྗེས་ཀྱི་གནས་སྟངས་ལ་གཟིགས་ནས་ཕུགས་རྒྱང་རིང་པོས་ཕྱག་ལས་གནང་ཡོད་པ་གསལ་པོ་རེད་འདུག
ད་ལྟ་ང་ཚོ་བོད་པའི་སྤྱི་ཚོགས་ནང་དང་། ལྷག་པར་དུ་ན་གཞོན་ཚོའི་ནང་གནས་ཚུལ་ཐོག་གཏིང་ཟབ་པོ་དང་རྒྱང་རིང་པོ་གཟིགས་རྒྱུའི་ཐོག་དོ་སྣང་མེད་པའི་ཚོར་སྣང་ཞིག་ང་ལ་ཡོང་གི་འདུག གཅིག་བྱས་ན་ང་ནོར་བ་ཡིན་གྱི་རེད།
ད་ལྟའི་མི་རབས་འདི་འགྱུར་བ་ཆེན་པོ་ཞིག་གི་བར་ལ་འཚམས་སྦྱོར་བྱེད་མཁན་གྱི་མི་རབས་ཤིག་ཆགས་ཡོད་དུས། ད་ལྟའི་མི་རབས་ཐོག་ནས་འཐུས་ཤོར་མི་འགྲོ་བ་བྱེད་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་ཁྱེད་རང་ཚོ་སློབ་ཕྲུག་ཚང་མ་དང་། ལྷག་པར་དུ་བསླབ་པ་མཐར་སོན་མཁན་རྣམས་ལ་བྱ་གཏོང་སྙོན་སྒྲན་གྱི་ཚུལ་དུ་ཞུ་གི་ཡོད།
བོད་མི་རིགས་དེ་འཇིག་རྟེན་ཁྱོན་ཡོངས་ཀྱི་མི་རིགས་གཞན་ལས་བྱས་རྗེས་རླབས་ཆེན་ཐོན་པའི་དཔའ་མཛངས་རྟུལ་ཕོད་ཅན་གྱི་མི་རིགས་ཤིག་ཡིན་པ་དང་། དེའི་གྲུབ་འབྲས་དེ་ད་ལྟ་འཇིག་རྟེན་ཤར་ནུབ་ཡོངས་རྫོགས་ཀྱིས་ལོངས་སུ་སྤྱོད་ཀྱི་ཡོད་རེད། ད་ལྟ་བོད་པའི་བཀའ་འགྱུར་བསྟན་འགྱུར་དེ་བོད་པ་ལས་མང་བ་བོད་པ་མ་ཡིན་པས་བེད་སྤྱོད་གཏོང་གི་ཡོད། དཔེར་ན་ ༨༤༠༠༠ གི་ལས་རིམ་ལྟ་བུར་མཚོན་ན་བོད་སྐད་ནང་ཡོད་པའི་བཀའ་འགྱུར་བསྟན་འགྱུར་དེ་ནུབ་ཕྱོགས་པའི་སྐད་ནང་བསྒྱུར་བའི་ལས་དོན་དེ་འགྲོ་མུས་རེད།
མ་འོངས་པར་དུས་ཚོད་གང་འཚམས་སོང་རྗེས་བོད་པ་ཚོས་ནུབ་ཕྱོགས་པ་དེ་ཚོ་ལས་ཚུར་བཀའ་འདྲི་ཞུ་དགོས་པ་ཞིག་ཆགས་ན། ཧ་ཅང་ཐབས་སྐྱོ་པོ་རེད། སྤྱིར་བཏང་སུ་དང་སུ་ཡིན་ནའང་མཁས་པ་ལ་གཏུགས་པར་སྐྱོན་མེད། འོན་ཀྱང་གཞུང་དེ་ཡོད་སའི་སྐད་དེ་ང་ཚོའི་བོད་པའི་སྐད་དེ་རེད། དེ་བཤད་མཁན་གྱི་མཁས་པ་དེ་བོད་སྐད་མི་རྒྱག་མཁན་ཞིག་ཡིན་ན། དེ་ཡ་མཚན་པོ་ཞིག་རེད། ར་མ་ལུག་ཆགས་པ་རེད། དེ་འདྲའི་གནས་སྟངས་ཤིག་མི་ཡོང་བའི་ངེས་པ་གང་ཡང་མི་འདུག
དེ་རིང་དབུ་འབྱེད་གནང་བའི་ཁྱེད་ཚོའི་དཔེ་མཛོད་རྐྱང་པར་གཟིགས་ནའང་བོད་པའི་སྒྲ་སྒྱུར་དང་རྩོམ་ཡིག་གཉིས་ཀའི་ཐོག་འབོར་དང་སྤུས་ཀ་གང་འདྲ་ཡོད་པ་ཚོད་དཔག་གནང་ཐུབ་པ་ཞིག་རེད། དེ་ཚོའི་ཐོག་ཞིབ་ཚགས་པོས་མཁྱེན་དགོས་པ་དང་། དེའི་བྱུང་བ་རིག་པའི་རྣམ་གཞག་མཁྱེན་དགོས་པ་དེ་གལ་ཆེན་པོ་རེད།
དེ་རིང་འདིར་བསླབ་པ་མཐར་སོན་ནས་ཕེབས་མཁན་ཚོས་གོ་སྐབས་གསར་པ་ཞིག་དང་། གོམ་པ་གསར་པ་ཞིག་སྤོས་ནས་སོ་སོའི་མི་ཚེའི་མདུན་ལམ་ཐོག་ཕེབས་ཀྱི་ཡོད་པ་རེད། དེར་བརྟེན་སྤྱིར་རང་གི་གཏན་གྱི་འདུན་མ་དང་། ལྷག་པར་དུ་མི་རིགས་ཀྱི་ཞབས་འདེགས། དེ་བཞིན་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འཇིག་རྟེན་ཁྱོན་ཡོངས་ལ་ཞབས་འདེགས་གང་ཞུ་ཐུབ་མིན་དགོངས་པ་བཞེས་དགོས་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་ཡོད།
ཁ་སང་ཉིན་ཤས་སྔོན་ཆམ་པ་བརྒྱབས་ནས་མིད་པ་འགགས་སོང་། གཞན་གང་ཡང་མི་འདུག་ཀྱང་སྐད་ཆ་ཤོད་སྐབས་ཏོག་ཙམ་དཀའ་ངལ་འདུག འོན་ཀྱང་ད་ལྟ་སྐད་དཔར་ཡོད་དུས། སྐད་དཔར་གྱིས་སྐད་ཤུགས་ཆེ་རུ་གཏོང་གི་ཡོད་དུས་སྐད་ཤུགས་ཆེན་པོ་རྒྱག་མི་དགོས་སྟབས། སྐྱོན་གང་ཡང་མི་འདུག
འདིར་བཅར་རྒྱུར་དེ་སྔོན་ནས་ཁས་ལེན་ཞུས་ཟིན་དུས། གཟུགས་པོ་བདེ་པོ་མི་འདུག་བརྗོད་ནས་མ་བཅར་ན། སྐེ་མཚམས་ལ་ཡར་ཞུ་བར་སྟབས་བདེ་པོ་བྱུང་མ་སོང་། ཉིན་ཤས་སྔོན་ནས་ཡིན་ན། མི་གཞན་ཞིག་གྲ་སྒྲིག་བྱེད་ཆོག་གི་རེད། འོན་ཀྱང་དེ་རིང་བཅར་ཐུབ་པར་དགའ་པོ་བྱུང་ལ། ལྷག་པར་དུ་ཞིང་གཤེགས་བློ་བཟང་རྒྱ་མཚོ་ལགས་ང་ཚོ་དགེ་ཕྲུག་གཅིག་པ་རེད། གྲྭ་པ་ང་ལས་ལོ་ཤས་རྒན་པ་རེད། དེ་ནས་རྒྱ་གར་ལའང་རྒྱུན་རིང་འབྲེལ་བ་དམ་ཟབ་ཡོད། ས་རཱ་དང་མཚན་ཉིད་སློབ་གྲྭ་གཉིས་ཀ་ཁོ་རང་གིས་འབད་རྩོལ་གནང་ནས་བྱུང་བ་ཞིག་རེད། ཁོང་གི་མཛད་རྗེས་འཇུག་སྐྱོང་གནང་ནས་ཁྱེད་རང་ཚོ་ཕེབས་ཀྱི་ཡོད་རེད་ལ། ཁོང་གི་མཚན་ཐོག་ཁྱེད་རང་ཚོས་དཔེ་མཛོད་ཅིག་བཟོས་པ་དེ་རྗེས་དྲན་ཞུ་སྟངས་ཧ་ཅང་ཡག་པོ་བྱུང་འདུག སྐྱེས་རབས་ལས། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི།། བསྒོ་བའི་ཚིག་བཞིན་ཉམས་སུ་བླངས་པ་ཡིན།། ཞེས་ཁོང་གི་གསུང་རྩོམ་དེ་ཚོར་བལྟས་ནས་ལག་བསྟར་ཐུབ་ན། རྗེས་དྲན་ཡག་ཤོས་ཤིག་ཆགས་པ་རེད། ཚང་མར་ཐུགས་རྗེ་ཆེ། བཀྲིས་བདེ་ལེགས་ཞེས་གསུངས།