༈ རྒྱ་གར་ལྷོ་ཕྱོགས་སུ་མཛད་འཕྲིན་རྒྱ་ཆེར་བསྐྱངས་པ།
༄༅།། བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བྷོ་པཱལ་གྲོང་ཁྱེར་དུ་སྐྱེ་རྒུའི་དཔྱད་བསྡུར་ཞེས་པའི་ཚོགས་ཆེན་གྲུབ་སྟེ། རྒྱ་གར་ལྷོ་ཕྱོགས་ཅི་ན་ཡི་གྲོང་ཁྱེར་དུ་ཕེབས་འབྱོར་གྱིས་ ༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༡༨ ནས་ ༢༠ བར་ཉིན་གསུམ་རིང་བྱམས་བརྩེ་གསོ་སྐྱོང་དགེ་རྩ་ཚོགས་པའི་གོ་སྒྲིག་འོག་མདྲཱས་དཔལ་འབྱོར་སློབ་གྲྭའི་ཚོགས་ཁང་ཞིག་ཏུ་སྐུ་ཞབས་བསྟན་འཛིན་པྲིཡ་དརྴི་དང་ལྷན་དུ་དབེན་ཚོགས་ཤིག་བསྐྱངས་ཤིང་།
རང་ངོ་ཤེས་ཐབས་དང་། ང་ཚོ་ཅིའི་ཕྱིར་མི་འགྱུར་རམ། སྒེར་གྱི་ལས་འགན་བཅས་ཀྱི་བརྗོད་གཞིའི་ཐོག་གླེང་མོལ་གནང་བ་མ་ཟད། རིན་པོ་ཆེ་མཆོག་དང་། བསྟན་འཛིན་པྲིཡ་དརྴི། གུརུ་མཱུརྟཱི་བཅས་ཀྱིས་སྟབས་བསྟུན་ཅན་གྱི་འཛམ་གླིང་ལ་སྟབས་བསྟུན་མེད་པའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཞུགས་མོལ་བགྲོ་གླེང་ཡང་གནང་འདུག
༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་ཅི་ན་ཡི་ནས་ཕེབས་ཐོན་གྱིས་ཨཱཾདྷྲ་པྲདེཤ་མངའ་སྡེའི་ནང་རྀཥི་ཝེ་ལི་ས་གནས་སུ་འབྱོར་ཏེ། ༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༢༢ ཉིན་སྔ་དྲོ་དེ་གའི་རྀཥི་ཝེ་ལི་ཤེས་ཡོན་ལྟེ་གནས་ཁང་གི་གོ་སྒྲིག་འོག་ཀྲྀཥྞ་མཱུརྟཱིའི་ཐེབས་རྩའི་འདུ་འཛོམས་ ༢༠༡༦ ཐོག་ “དེང་གི་འཛམ་གླིང་ནང་འགན་ཁུར་གསོན་པོ་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས། དེ་བཞིན་དགེ་རྒན་དང་སྐུ་མགྲོན་ཟུར་མཇལ་ལ་ལམ་སྟོན་རྒྱས་པ་གནང་ཞིང་། སྐབས་དེར་ཀྲྀཥྞམུརྟཱིའི་རྗེས་འཇུག་སུམ་བརྒྱ་ཙམ་འདུ་འཛོམས་འདུག
༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་རྀཥི་ཝེ་ལི་ནས་སྦོལ་ཀོབ་སེར་བྱེས་འབྲིང་རིམ་སློབ་གྲྭར་ཕེབས་འབྱོར་གྱིས། ༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་སྔ་དྲོ་སེར་བྱེས་སློབ་གྲྭའི་ཚོགས་ཁང་དུ་ཐོག་མར་སེར་བྱེས་སློབ་གྲྭའི་འགན་འཛིན་བསྟན་འཛིན་བྱང་ཆུབ་ལགས་ཀྱིས་ཉིན་བཞིའི་ཚོགས་འདུ་འདི་ལྟ་བུ་ཚོགས་དགོས་པའི་དམིགས་ཡུལ་ངོ་སྤྲོད་གནང་རྗེས། རིན་པོ་ཆེ་མཆོག་གིས་ “སྲོལ་རྒྱུན་དང་དེང་རབས་ཀྱི་ངོ་བོ་དང་། ཁྱད་པར། བྱེད་ལས། ཕན་གནོད་སོགས་ཀྱི་སྐོར་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྟེ། བརྗོད་གཞི་འདི་ཆོས་པ་རྣམས་ལ་ཐད་ཀར་འབྲེལ་བ་མེད་རུང་བརྒྱུད་ནས་འབྲེལ་བ་ཡོད་ཚུལ་དང་། དེང་རབས་ཞེས་པའི་ཚིག་གི་གོ་དོན། དེང་རབས་དེ་ཐོག་མར་གཅིག་སྡུད་རིང་ལུགས་ཀྱི་ཁ་གཏད་དམ་ཆབ་སྲིད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱུང་ཚུལ། གང་ལྟར་ཆབ་སྲིད་དང་སྤྱི་ཚོགས་ལ་བརྟེན་ནས་འགོ་འཛུགས་ཀྱང་མཐའ་བསྡོམས་ས་དེ་དཔལ་འབྱོར་ཡིན་ཚུལ། དེང་རབས་ཀྱིས་སྤྱི་ཚོགས་འཚོ་བར་བྱེད་པའི་ཡན་ལན་ཐམས་ཅད་ཐོག་ཤུགས་གནོན་ཐེབས་ཚུལ། དེང་རབས་ཀྱི་མཚན་ཉིད་འཇོག་ཚུལ། དེང་རབས་ལ་བརྟེན་ནས་ལུས་དང་སེམས་དང་། སྒེར་དང་སྤྱི། རང་དང་གཞན། འགྲན་བསྡུར་དང་མཉམ་རུབ། ཐོབ་ཐང་དང་ལས་འགན་བཅས་མི་མཉམ་པ་བྱུང་ཚུལ། དེང་རབས་ལ་བརྟེན་ནས་ཁོར་ཡུག་ཉམས་ཆག་དང་འཚེ་བ་བྱུང་ཚུལ། སྲོལ་རྒྱུན་གྱི་ཚིག་གི་གོ་དོན། སྲོལ་རྒྱུན་གྱི་མཚན་ཉིད་འཇོག་ཚུལ། སྲོལ་རྒྱུན་དང་ཡུལ་གྱི་གོམས་པའི་གཤིས་ལུགས་དབར་ཁྱད་པར་ཡོད་ཚུལ་སོགས་རྒྱས་པར་གསུངས་རྗེས་དྲི་བ་ཁག་ལ་ལན་འདེབས་ཞིབ་ཕྲ་གནང་།
༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་རྒྱབ་ཏུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ “གོ་ལ་གཅིག་སྒྱུར་རིང་ལུགས་ཀྱི་རྒྱབ་ལྗོངས་དང་། དམིགས་ཡུལ། འཇིག་རྟེན་ཡོངས་ལ་དགེ་སྐྱོན་ཇི་ཡོང་སྐོར་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྟེ། གོ་ལ་གཅིག་བསྒྱུར་རིང་ལུགས་ནི་དེང་རབས་ཀྱི་དངོས་འབྲས་ཡིན་ལུགས་དང་། དེང་རབས་དེ་བཟོ་ལས་ཅན་དུ་བསྒྱུར་བ་དང་མཉམ་དུ་བྱུང་ཚུལ། ཐོན་སྐྱེད་དངོས་ཟོག་རྣམས་ས་གནས་གཞན་དག་ལའང་བཙོང་ཐུབ་པ་བཟོ་ཆེད་གོ་ལ་གཅིག་བསྒྱུར་རིང་ལུགས་བྱུང་ཚུལ། གོ་ལ་གཅིག་བསྒྱུར་རིང་ལུགས་ལག་བསྟར་བྱེད་མཁན་གྱི་བརྒྱུད་ལམ་ནི་རྒྱལ་སྤྱིའི་དངུལ་ཐེབས་དང་། འཛམ་གླིང་དངུལ་ཁང་། འཛམ་གླིང་ཚོང་ལས་སྒྲིག་འཛུགས། རྒྱལ་མང་ཚོང་སྡེ་ཁག་བཅས་ཡིན་ཚུལ། དཔལ་འབྱོར་གྱི་དབང་ཤུགས་འོག་ནས་འཛམ་གླིང་དབང་དུ་སྡུད་ཐབས་ཀྱི་དམིགས་ཡུལ་ཇི་ལྟར་འཛིན་ཚུལ། དེ་ལ་བརྟེན་ནས་ཁྲལ་དང་ཕྱི་འཚོང་ནང་འདྲེན་སོགས་ཀྱི་དཀའ་ངལ་མེད་པར་དངོས་ཟོག་འཚོང་ཐབས་མ་ཟད། ཚོང་ལས་ཆུང་ཙག་རིགས་དང་ས་གནས་ཀྱི་ཚོང་ལ་གྱོང་ཁ་ཆེ་ཤོས་ཕོག་ཚུལ་སོགས་རྒྱས་པར་གསུངས།
༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན་རྒྱབ་ཏུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ “ཚན་རིག་དང་འཕྲུལ་ལས་ཀྱི་དགོས་འདོད་ཇི་ལྟར་བྱུང་བ་དང་། དེ་ལ་བརྟེན་ནས་སྐྱེ་རྒུའི་འཕྲལ་ཡུན་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་གནོད་ཇི་བྱུང་སྐོར་” གྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྟེ། ཚན་རིག་དང་འཕྲུལ་ལས་ཀྱི་གོ་དོན་དང་། ཚན་རིག་དང་འཕྲུལ་ལས་གཉིས་ངོ་བོ་ལུང་མ་བསྟན་ཡིན་པས་བེད་སྤྱོད་བྱེད་མཁན་ལ་རག་ལས་ཞེས་བརྗོད་མཁན་གྱི་ལུགས་ཤིག་དང་། དེ་གཉིས་ཀྱི་ངོ་བོ་མི་དགེ་བ་ཡིན་ཞེས་བརྗོད་མཁན་གྱི་ལུགས་ཤིག་བཅས་ལུགས་གཉིས་ཡོད་ཚུལ་དང་དེ་དག་གི་རྒྱབ་རྟེན་གྱི་རིགས་པ་གང་དང་གང་ཡོད་ཚུལ། ཚན་རིག་དང་འཕྲུལ་ལས་ཐོག་བདག་ཉིད་ཆེན་པོ་གཱཾནྡྷཱིའི་དགོངས་ཚུལ་ཇི་ཡོད་སོགས་རྒྱས་པར་གསུངས་མཐར། དྲི་བ་ཁག་ལ་ལན་འདེབས་གསལ་ཤིང་རྒྱས་པར་གནང་།
༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭར་ “དེང་དུས་ཤེས་ཡོན་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་གལ་ཆེའི་སྐོར་” ཞེས་པའི་བརྗོད་གཞིའི་གསུང་བཤད་གནང་སྟེ། ཤེས་ཡོན་ཡག་པོ་བྱུང་ན་ཡ་རབས་བཟང་སྤྱོད་རང་ཆས་སུ་ཡོང་ཚུལ། མཁས་པའི་ཡོན་ཏན་ལས་བཙུན་པ་དང་བཟང་པོའི་ཡོན་ཏན་གཉིས་ཡོང་དགོས་ཚུལ། གང་ལྟར་བཟང་སྤྱོད་དེ་ཕྱི་ནས་བླུག་ཐབས་དང་ཟུར་དུ་སློབ་སྦྱོང་སྤྲད་མ་དགོས་པར་ཤེས་ཡོན་གྱི་ནང་ནས་རང་བཞིན་གྱིས་ཡོང་བ། ཤེས་ཡོན་གྱི་རང་བཞིན་ངོས་མ་ཟིན་ན་བཟང་སྤྱོད་ཡོང་དཀའ་ཚུལ། ཤེས་ཡོན་དེས་རང་གི་རྣམ་དཔྱོད་སད་ཐུབ་ན་དེའི་དབང་གིས་སྤྱོད་ལམ་ཐམས་ཅད་ཡ་རབས་སུ་ཆགས་ཚུལ། དེང་སང་གི་ཤེས་ཡོན་བརྡ་ལན་ཙམ་རུག་རུག་བཟོ་རྒྱུ་དེ་སེམས་ཀྱི་ཡར་རྒྱས་དང་འབྲེལ་བ་མེད་ཚུལ། དེ་ལས་གནས་ཚུལ་མང་པོའི་གོ་རྟོགས་ཡོད་ནའང་ནང་གི་སེམས་རྒྱུད་ལ་མི་ཕན་པ། བཟང་སྤྱོད་དེ་སློབ་ཚན་བྱེ་བྲག་པ་ཞིག་གི་ངོ་བོར་བསླབ་ན་སློབ་ཚན་གཞན་རྣམས་བཟང་སྤྱོད་དང་འབྲེལ་བ་མེད་པ་ཡིན་ནམ། ལྟ་བ་རྟེན་འབྱུང་གི་རྣམ་གཞག་ཤེས་ན་འཚེ་བ་མེད་པ་རང་བཞིན་གྱིས་ཡོང་བ། དངོས་ཤུགས་བརྒྱུད་གསུམ་ནས་འཚེ་བ་མེད་པ་དེ་བཟང་སྤྱོད་ཡིན་ཚུལ། གཞན་ལ་ཕན་པ་བྱེད་པ་དེ་བཟང་སྤྱོད་ཁྱད་པར་བ་ཡིན་ཚུལ། གང་ལྟར་བཟང་སྤྱོད་དང་ཤེས་ཡོན་གཉིས་ཁ་འབྲལ་ཐབས་མེད་པ། འཇིགས་སྣང་དང་འདོད་རྔམས་ལ་བརྟེན་ནས་ཤེས་ཡོན་སྤྲད་ཐུབ་སྙམ་པའི་དེང་རབས་ཤེས་ཡོན་གྱི་ལམ་སྲོལ་ནང་ལོག་ཤེས་ཤིག་ཡོད་པ་དེ་ངོས་ཟིན་དགོས་ཚུལ། མཚུངས་བསྡུར་དང་འགྲན་བསྡུར་གྱི་ལམ་ནས་སློབ་སྦྱོང་སྤྲོད་པའི་ཁོར་ཡུག་ནང་བཟང་སྤྱོད་རང་ཆས་སུ་ཡོང་ཐུབ་ཐབས་མེད་པ། ཤེས་ཡོན་ཚད་ལྡན་ནི་དགེ་རྒན་དང་། དགེ་ཕྲུག ཕ་མ། སྤྱི་ཚོགས་བཅས་ཕྱོགས་བཞི་ནས་ཡོང་དགོས་ཚུལ། དགེ་རྒན་རྣམས་བཟང་སྤྱོད་ཀྱི་བརྒྱུད་རིམ་ལྟ་བུར་སོང་། ལུས་ཀྱི་རྣམ་འགྱུར་དང་། ངག་གི་སྨྲ་བརྗོད། སེམས་ཀྱི་འཁྱེར་སོ་རྣམས་རང་བཞིན་གྱིས་སློབ་ཕྲུག་ལ་འགོས་པའམ་འཇགས་འགྲོ་བར་བརྟེན། ཧ་ཅང་གཟབ་དགོས་ཚུལ། དགེ་རྒན་དང་ཕ་མའི་སྤྱི་ཚོགས་ཀྱི་གནས་ཚད་མཐོ་རུ་ཕྱིན་ན་སློབ་ཕྲུག་གི་གནས་ཚད་མཐོ་རུ་འགྲོ་བ། ༧གོང་ས་མཆོག་གིས་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་འགན་ཁུར་དང་ཆོས་དང་མ་འདྲེས་པའི་བཟང་སྤྱོད་ཐོག་ནས་འགྲོ་བ་མིའི་བཟང་སྤྱོད་སྤེལ་ཐབས་ཇི་གནང་སྐོར་སོགས་རྒྱས་པར་གསུངས།
ཉིན་རྒྱབ་ཏུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སེར་བྱེས་སློབ་གྲྭའི་ཚོགས་ཁང་དུ་ “སྲིད་དོན་གྱི་ཤོག་ཁག་མེད་པའི་མང་གཙོའི་རིང་ལུགས་ཀྱི་སྐྱོན་ཡོན་སྐོར་དང་། བྱེ་བྲག་ཏུ་བོད་ཀྱི་སྤྱི་ཚོགས་ལ་གང་དགེའི་སྐོར་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྟེ། དེང་སང་སྲིད་དོན་ཤོག་ཁག་ལ་གཞི་རིམ་གྱི་ལྟ་གྲུབ་མེད་ཚུལ། དེ་དག་གིས་རྒྱལ་ཁབ་ལས་སྲིད་དོན་ཤོག་ཁག་གི་ཁེ་ཕན་སྔོན་ལ་འཇོག་ཚུལ། སྲིད་དོན་གྱི་ཤོག་ཁག་ལ་བརྟེན་ནས་ཆིག་བསྒྲིལ་ལ་ཉམས་ཉེས་ཡོང་ཚུལ། ལྐོག་ཟ་རུལ་སུངས་ཇི་ལྟར་ཁྱབ་ཚུལ། བོད་ཀྱི་སྤྱི་ཚོགས་ལ་སྲིད་དོན་གྱི་ཤོག་ཁག་མེད་པའི་མང་གཙོའི་རིང་ལུགས་ཇི་ལྟར་འཐད་ཚུལ་སོགས་རྒྱས་པར་གསུངས་རྗེས། དྲི་བ་ཁག་ལ་ལན་འདེབས་ཞིབ་ཕྲ་གནང་ཞིང་། མཐར་སེར་བྱེས་སློབ་གྲྭའི་འགན་འཛིན་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་གྲུབ།
སེར་བྱེས་འབྲིང་རིམ་སློབ་གྲྭར་ཉིན་བཞིའི་གསུང་བཤད་རིང་བོད་མི་མང་སྤྱི་འཐུས་དང་། ས་གནས་ཀྱི་སློབ་གྲྭ་ཁག་གི་ངེས་སྟོན་པ་དང་སློབ་སྤྱི། སེར་བྱེས་སློབ་གྲྭའི་དགེ་སློབ། སེར་བྱེས་གྲྭ་ཚང་གི་སློབ་གཉེར་བ། ས་གནས་ཀྱི་སློབ་གྲྭ་གཞན་ཁག་གི་དགེ་སློབ་སོགས་འདུ་འཛོམས་ཆེ་ཙམ་འདུག