ཨཱཅཱརྱ་ཀུལ་གྱི་ཚོགས་ཆེན་དུ་གསུང་བཤད་གནང་བ།

༢༠༡༥ ཕྱི་ཟླ་ ༡ ཚེས་ ༣ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དཏྟ་པུར་ (Duttpur) དུ་ཚོགས་བཞིན་པའི་སློབ་དཔོན་རིགས་ (Acharyakul) ཀྱི་ལོ་གསུམ་རེའི་རྒྱལ་ཡོངས་ཚོགས་ཆེན་ཐོག་གདན་ཞུས་ཀྱིས་ཐོག་མར་ཚོགས་པ་དེའི་ཚོགས་གཙོ་མཆོག་གིས་རིན་པོ་ཆེའི་ངོ་སྤྲོད་རྒྱས་པར་གནང་རྗེས། རིན་པོ་ཆེས་གསུང་བཤད་གནང་སྟེ། Acharyakul 1འགྲོ་བ་མི་རྣམས་ཕྱུགས་ལས་བྱེ་བྲག་འབྱེད་ཆོས་སྨྲ་བརྗོད་དང་རྣམ་དཔྱོད་ཡིན་ཚུལ། དེའི་ཆེད་ཤེས་ཡོན་དགོས་ཚུལ། ཤེས་ཡོན་གྱི་གོ་དོན་ངོ་མ་གང་ཡིན། དེའི་ཐོག་སློབ་དཔོན་རྣམས་གལ་ཆེ་ཚུལ། སློབ་དཔོན་རྣམས་བསླབ་པ་གསུམ་ལྡན་དགོས་ཚུལ། ད་ལྟའི་འཇིག་རྟེན་གྱི་དཀའ་རྙོག་རྣམས་ཉེན་ཁ་ཆེ་ཚུལ། དེ་ལ་སློབ་དཔོན་རིགས་ཀྱི་ལས་འགན་ཆེ་རུ་འགྲོ་ཚུལ། བོད་ཀྱི་གནས་སྟངས་སྐོར། ལྷག་པར་རང་ལུས་མེར་སྲེག་སྐོར་སོགས་དང་། དེ་ནས་དྲི་བ་རྣམས་ལ་ལན་འདེབས་གནད་སྨིན་གྱིས་ཚོགས་ཞུགས་པ་རྣམས་དགའ་གུས་ཡི་རངས་ཀྱིས་ཚིམས་པར་གྱུར། མཐར་ཨཱཅཱརྱ་ཀུལ་གྱི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་འདུག

Acharyakul 2གྲོང་གསེབ་ཆེད་ཚན་རིག་ཁང་ (Centre of Science for Villages) དུ་ཕེབས་པ།
༢༠༡༥ ཕྱི་ཟླ་ ༡ ཚེས་ ༣ ཉིན་ཕྱི་དྲོ་ཨཱཅཱརྱ་ཀུལ་གྱི་ཚོགས་ཆེན་དུ་གསུང་བཤད་གྲུབ་རྗེས་གྲོང་གསེབ་ཆེད་ཚན་རིག་ཁང་ (Centre of Science for Villages) དུ་གདན་ཞུས་ཀྱིས་རྫས་སྦྱོར་མེད་པའི་བཏུང་བ་ཁག་དང་། སྐྱེ་ལྡན་ལུད་སྦྱོར་ཁག ལག་བཟོས་ཤོག་བུ་ཁག རྩོལ་ཆུང་གླང་འཁོར། འཚེ་མེད་སྦྲང་རྩི་གསོག་འཇོག་སོགས་གྲོང་གསེབ་ལ་དགོས་མཁོ་ཡོད་པའི་འཕྲུལ་ལས་ཆུང་ཙག་མང་པོ་ཐོན་སྐྱེད་བྱ་ཡུལ་དུ་བསྐྱོད་དེ་གཟིགས་ཞིབ་གནང་ཞིང་། དེ་གའི་འགན་འཛིན་དང་ལས་བྱེད་རྣམས་ཀྱིས་འགྲེལ་བཤད་ཞིབ་ཚགས་ཞུས་འདུག