སློབ་དཔོན་ཟམ་གདོང་རིན་པོ་ཆེའི་ཨ་རིའི་ནང་མཛད་འཆར་ལེགས་གྲུབ་བྱུང་བ།
ཁྱིམ་བདག་ཊོམ་པིརིཛ་ཀར་ (Tom Pritzker) གྱིས་ལོ་ཤས་གོང་ནས་གདན་འདྲེན་ཞུས་པ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ ༢༠༡༥ ཕྱི་ཟླ་ ༤ ཚེས་ ༡༣ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གནམ་ཐང་དུ་ཕེབས་འབྱོར་སྐབས་ནེའུ་ཡོག་དང་ནེའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པ་ (Tibetan Community of New York & New Jersey) དང་། བོད་ཀྱི་ཐེབས་རྩ། (The Tibet Fund) དེ་བཞིན་ཚོགས་པ་ཁག་བཅས་ཀྱི་ལས་སྣེ་རྣམས་ཀྱིས་ཕེབས་བསུ་ཞུས།
ཚེས་ ༡༥ ཉིན་རྒྱབ་ཏུ་ཤར་པ་སྐྱིད་སྡུག་ཚོགས་ཁང་ (United Sherpa Association Hall) དུ་ཧིམཱལཡའི་རྒན་རབས་ལས་འཆར་ (Himalayan Elders Project) གྱི་གོ་སྒྲིག་འོག་ཧིམཱལཡའི་རྒན་རབས་རྣམས་ལ་མི་ཚེ་དོན་ལྡན་དང་འཆི་བ་དོན་ལྡན་ (Meaningful life and death) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་།
དེ་བཞིན་ཕྱི་དྲོ་དེ་ཁུལ་གནས་པའི་ཝཱ་ཎ་སློབ་ཟུར་བ་རྣམས་ལ་བླང་དོར་གསུང་བཤད་གནང་།
ཚེས་ ༡༦ ཉིན་སྔ་དྲོ་བོད་ཀྱི་ཐེབས་རྩའི་གོ་སྒྲིག་འོག་ལ་རྩེ་དཔེ་མཛོད་ཁང་ (Latse Library) དུ་ནེའུ་ཡོག་ཁུལ་གནས་པའི་བོད་མི་ཤེས་ཡོན་པ་ (Tibetan scholars) རྣམས་ལ་ “བོད་ཀྱི་བྱུང་རབས་ཀྱི་གོ་རྟོགས་” (The Tibetan History of Knowledge) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན་བཅས་གནང་།
ཉིན་རྒྱབ་ཏུ་བོད་ཀྱི་ཐེབས་རྩའི་གོ་སྒྲིག་འོག་ City University of New York གི་ The Graduate Center ནང་ “རྙོག་ཟིང་ཅན་གྱི་འཇིག་རྟེན་ལ་བོད་ཀྱི་ནང་ཆོས་དང་གོ་ལ་ཧྲིལ་པོའི་བཟང་སྤྱོད་” (Tibetan Buddhism and Global Ethics for a troubled world: A Dialogue with Ven. Samdhong Rinpoche) ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་།
དེ་བཞིན་ཕྱི་དྲོ་བོད་ཀྱི་ཐེབས་རྩ་དང་ཡེ་ཤུའི་ཆོས་སྡེ་གྲགས་ཅན་ (Cathedral of St. John the Divine) ཐུན་མོང་གི་གོ་སྒྲིག་འོག་ཡེ་ཤུའི་ཆོས་སྡེ་དེའི་ཚོམས་ཆེན་དུ་མང་ཚོགས་ལ་ “ཉིན་རེའི་མི་ཚེའི་ནང་བློ་སྦྱོང་དང་སྙིང་རྗེ་ལག་ལེན་གནང་ཐབས་” (Mind Training and Compassion Applied to Everyday life) ཐོག་གསུང་བཤད་གནང་ཞིང་། དེའི་གཙོ་སྐྱོང་དེ་གའི་ཆོས་དཔོན་ Dr. James A. Kowalski ནས་གནང་འདུག
ཚེས་ ༡༧ ཉིན་སྔ་དྲོ་ཨ་རི་བོད་སྐད་རླུང་འཕྲིན་ཁང་དུ་རྣམ་རྒྱལ་ཤཱསྟྲཱི་ལགས་ནས་ “༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་བསྐྱེད་དམ་བཅའ་གསུམ་” གྱི་ཐོག་བཅར་འདྲི་ཞུས།
ཕྱི་དྲོ་ནེའུ་ཡོག་དང་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་དེ་ཁུལ་གནས་པའི་བོད་མི་མང་ཚོགས་ལ་ “དབུ་མའི་ལམ་གྱི་སྲིད་བྱུས་དང་དོལ་རྒྱལ་སྐོར་” གསུང་བཤད་གནང་བར། བོད་མི་འདུ་འཛོམས་ཆེ་ཙམ་འདུག
ཚེས་ ༡༨ སྔ་དྲོ་བོས་ཊོན་ (Boston) དུ་གནས་པའི་ཝཱ་ཎ་སློབ་ཟུར་ཚོགས་པས་ནེའུ་ཡོག་ནས་བོས་ཊོན་དུ་གདན་ཞུས་ཀྱིས་ལམ་པར་དུ་སྐུ་ཞབས་བསྟན་འཛིན་སྐལ་བཟང་ལགས་ཀྱི་གཟིམས་ཤག་ཏུ་ཉིན་གུང་གསོལ་ཚིགས་དང་། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ (Tibetan Buddhist Resource Center) ཁང་དུ་ཁྱུག་ཙམ་ཕེབས། ཕྱི་དྲོ་ཀུ་རུ་ཀུ་ལ་ནང་པའི་ཆོས་ཚོགས་ (Kurukulla Center for Tibetan Buddhist Studies) སུ་ “ནང་ཆོས་ཉམས་ལེན་གྱི་ཕན་ཡོན་” (The Benefits of Practicing the Buddha Dharma) ཐོག་ཨིན་སྐད་དུ་གསུང་བཤད་དང་དྲི་བ་དྲིས་ལན་བཅས་གནང་།
ཚེས་ ༡༩ ཉིན་སྔ་དྲོ་སོ་མར་ཝིལ་ (Somerville) ས་གནས་ཀྱི་ཚོགས་ཁང་ཞིག་ཏུ་བོད་མི་རྣམས་ལ་ “བོད་ཀྱི་སྐད་ཡིག་དང་ལེགས་བྱང་སྲུང་སྐྱོབ་ཀྱི་ཐབས་ལམ་ཡག་ཤོས་” (Best Way to Preserve Tibetan Language and Culture) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན། དེ་ནས་ “བོས་ཊོན་བོད་ཀྱི་བདེན་དོན་དམངས་ཁྲོད་ཁ་བརྡ་” (Boston Tibetan Truthful Public Talk) ལ་བཅར་འདྲི་བཅས་གནང་ཞིང་། ཉིན་རྒྱབ་ཏུ་བོས་ཊོན་ནས་རོ་ཅེས་ཊར་ (Rochester) དུ་ཕེབས་ཐོན་གནང་འདུག
ཚེས་ ༢༠ དང་ ༢༡ ཉིན་གཉིས་རིང་རོ་ཅེས་ཊར་ (Rochester) དུ་མ་ཡོ་ཀི་ལི་ནིཀ་ (Mayo Clinic) སྨན་ཁང་ཆེན་པོའི་ནང་སྐུ་གཟུགས་ཆ་ཚང་བརྟག་དཔྱད་གནང་ཞིང་། འགྲོ་གྲོན་ཆ་ཚང་མི་ནི་སོ་ཊར་གནས་པའི་སྐུ་ཞབས་ངག་དབང་འཆི་མེད་ལགས་དང་། སྐལ་བཟང་ལྷ་མོ་ལགས། བསྟན་འཛིན་ཆོས་སྐྱིད་བཅས་ནས་གནང་བ་དང་། སྐབས་དེར་སྨན་ཁང་ནང་འབྲེལ་མཐུད་དང་མཐུན་འགྱུར་ཆ་ཚང་སྨན་པ་ཚེ་དབང་དངོས་གྲུབ་ལགས་ནས་གནང་འདུག ཚེས་ ༢༡ ཉིན་ཕྱི་དྲོ་རོ་ཅེས་ཊར་ནས་མི་ནི་སོ་ཊར་ཕེབས་འབྱོར་གནང་།
ཚེས་ ༢༢ ཉིན་མི་ནི་སོ་ཊ་ཨ་རི་བོད་མིའི་སྤྱི་མཐུན་ཚོགས་པའི་ (Tibetan American Foundation of Minnesota) གོ་སྒྲིག་འོག་དེ་ཁུལ་གནས་པའི་བོད་མི་མང་ཚོགས་ལ་ “སྤྱིར་བཙན་བྱོལ་དང་། ཁྱད་པར་ནུབ་ཕྱོགས་སུ་བོད་ཀྱི་སྐད་ཡིག་དང་ལེགས་བྱང་སྲུང་སྐྱོབ་ཀྱི་གལ་གནད་དང་། བོད་མི་སྤྱི་ཚོགས་ཀྱིས་གདོང་ལེན་བྱེད་བཞིན་པའི་ཀླན་ཀ་གཞན་ཁག་” (Importance of preserving Tibetan language and culture in the exile, especially in the west, and other challenges faced by Tibetan society) ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན་གནང་བ་མ་ཟད། མཇལ་ཞུ་བ་ཚོགས་པ་དང་སྒེར་ཁག་ལ་ལམ་སྟོན་དང་མཇལ་ཁའང་གནང་འདུག
ཚེས་ ༢༣ ཉིན་སྔ་དྲོ་མི་ནི་སོ་ཊ་ནས་ཕེབས་ཐོན་གྱིས་ཤི་ཀ་གོར་འབྱོར། ད་ལན་ཨ་རིར་གདན་ཞུ་བ་གཙོ་བོ་སྐུ་ཞབས་ཊོམ་པིརིཛ་ཀར་ (Tom Pritzker) གྱི་གཟིམས་ཤག་ཏུ་ཚོགས་འདུ་དང་བགྲོ་གླེང་། ཤི་ཀ་གོའི་གྲགས་ཅན་གྱི་སྒྱུ་རྩལ་ཁང་ (Art Institute) དུ་གཟིགས་སྐོར་བཅས་གནང་།
ཚེས་ ༢༤ ཉིན་སྔ་དྲོ་ཤི་ཀ་གོ་གཙུག་ལག་སློབ་ཁང་གི་ནང་པའི་སྡེ་ཚན་ (Buddhist Studies Group of University of Chicago) དུ་ “དེང་རབས་སྔོན་དང་། དེང་རབས་ནང་པའི་ཤེས་ཡོན་ལམ་སྲོལ” (Premodern versus modern Buddhist educational system) ཐོག་གསུང་བཤད་དང་། དྲི་བ་དྲིས་ལན་བཅས་གནང་ཞིང་། དེ་སྐབས་སློབ་དཔོན་རྣམ་པ་དང་། ཉམས་ཞིབ་པ། ཤེས་ཡོན་པ་བཅས་འདུ་འཛོམས་ཆེ་ཙམ་འདུག ཉིན་རྒྱབ་ཏུ་སྐུ་ཞབས་པིརིཛ་ཀར་སྒེར་གྱི་གནམ་གྲུའི་ནང་སྟེང་ཞལ་ལྷན་ཅི་ཀ་གོ་ནས་ཨས་པེན་ (Aspen) དུ་ཕེབས་འབྱོར་གནང་།
ཚེས་ ༢༥ ཉིན་སྐུ་ཞབས་པིརིཛ་ཀར་སྟེང་ཞལ་ལྷན་ཨས་པེན་བཞུགས་ཁང་གཡས་གཡོན་དུ་གཟིགས་སྐོར་སོགས་གནང་།
ཚེས་ ༢༦ ཉིན་ཕྱི་དྲོ་པིརིཛ་ཀར་སྟེང་ཞལ་གྱིས་ཨས་པེན་ནས་ཌེན་ཝར་ (Denver) དུ་སྒེར་གྱི་གནམ་གྲུའི་ནང་ཕེབས་སྐྱེལ་དང་། དེ་ནས་སེན་ཕ་རན་སིས་ཀོའི་གནམ་ཐང་དུ་ཕེབས་འབྱོར་སྐབས་བྱང་ཀེལ་བོད་རིགས་ཚོགས་པ་ (Tibetan Association of Northern California) དང་། རྒྱུད་སྟོད་དགེ་རྩ་ཚོགས་པ་བཅས་ཀྱི་ལས་སྣེ་དང་། བོད་མི་མང་ཙམ་ཕེབས་བསུར་བཅར་འདུག
ཚེས་ ༢༧ ཉིན་དེ་གའི་ས་ཁུལ་དུ་གནས་པའི་བློ་གསལ་གླིང་གྲྭ་ཟུར་དང་ནང་མི་རྣམས་ལ་མཇལ་ཁ་དང་ལམ་སྟོན་གསུང་བཤད། དེ་རྗེས་རྒྱུད་སྟོད་གྲྭ་ཟུར་དང་ནང་མི་རྣམས་ལ་མཇལ་ཁ་དང་ལམ་སྟོན་གསུང་བཤད་བཅས་གནང་།
༢༨ ཉིན་རྒྱུད་སྟོད་དགེ་རྩ་ཚོགས་པའི་ཚོགས་ཁང་དུ་ཨིན་སྐད་ཐོག་ “བདེན་བཞིའི་སྐོར་” གསུང་བཤད་དང་། དྲི་བ་དྲིས་ལན་གནང་།
ཚེས་ ༢༩ ཉིན་བྱང་ཀེལ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་དེ་ཁུལ་གནས་པའི་བོད་མི་རྣམས་ལ་ “རང་གི་རྩ་ཆེའི་སྐད་ཡིག་ལེགས་བྱང་སྲུང་སྐྱོབ་དང་། བོད་ཀྱི་རྩ་དོན་སླད་ལས་འགན་ཇི་ཡོད། ལྷག་པར་དུ་ཨ་རིའི་ནང་འཚར་ལོངས་བྱུང་བའི་ན་གཞོན་རྣམས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ལ་རྒྱ་ཆེན་པོ་ཡོད་པར་ཁོང་ཚོར་དམིགས་བསལ་གྱི་བཀའ་སློབ་ལམ་སྟོན་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་བཅས་གནང་། ཚེས་ ༣༠ ཉིན་མུ་མཐུད་དེ་རྒྱུད་སྟོད་དགེ་རྩ་ཚོགས་པའི་ཚོགས་ཁང་དུ་ཨིན་སྐད་ཐོག “བདེན་བཞིའི་སྐོར་” གསུང་བཤད་དང་། དྲི་བ་དྲིས་ལན་བཅས་གནང་།
༢༠༡༥ ཕྱི་ཟླ་ ༥ ཚེས་ ༡ ཉིན་ཀེ་ལི་ཕོར་ནི་ཡ་ (California) ནས་ཨལ་བུ་ཀར་ཀི་ (Albuquerque) ལ་ཕེབས་འབྱོར་སྐབས་དེ་ཁུལ་གནས་པའི་བོད་མི་རྣམས་ཕེབས་བསུར་བཅར་འདུག
ཚེས་ ༢ ཉིན་སན་ཏ་ཕི་བོད་རིགས་ཚོགས་པའི་ (Tibetan Association of Santa Fe) གོ་སྒྲིག་འོག་ནིའུ་མེཀ་སི་ཀོའི་ (New Mexico) རྒྱལ་ས་སན་ཏ་ཕི་ (Santa Fe) ས་ཕྱོགས་སུ་གནས་པའི་བོད་རིགས་རྣམས་ལ་ “བོད་མིའི་ངོས་འཛིན་སྲུང་སྐྱོབ་དང་། ཕྱི་རྒྱལ་དུ་མི་རབས་གསར་པ་སྐྱེད་སྲིང་བྱེད་ཕྱོགས་” (How to preserve Tibetan identity and raise our younger generation in foreign country) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན་བཅས་གནང་།
ཚེས་ ༣ ཉིན་ནིའུ་མེཀ་སི་ཀོར་གནས་པའི་དོན་གཉེར་ཅན་རྣམས་དང་དྲི་བ་དྲིས་ལན་གནང་ཞིང་། དེའི་ནང་སྨན་པ་མང་པོ་དང་། སློབ་དཔོན། དགེ་རྒན་སོགས་འདུག
ཚེས་ ༤ ཉིན་ཨལ་བ་ཀར་ཀིའི་ནང་གདན་ཞུ་བ་གཙོ་བོ་བསོད་ནམས་དཔལ་ལྡན་ཀུན་བདེ་གླིང་གི་གཟིམས་ཤག་གཡས་གཡོན་དུ་ཕྲན་བུ་འཆམ་འཆམ་དང་། སྐུ་ངལ་གསོ་བར་མཛད།
ཚེས་ ༥ སྔ་དྲོ་ཨལ་བ་ཀར་ཀི་ནས་ཅི་ཀ་གོའི་བརྒྱུད་རྒྱ་གར་དུ་ཕེབས་ཐོན་གནང་བའི་གནས་ཚུལ་མདོར་བསྡུས་སུ།