༈ སྙིང་རྗེ་ཆེན་པོའི་ཉིན་མོ་སྲུང་རྩིའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་གདན་ཞུས་དང་གསུང་བཤད་གནང་བ།
༄༅།། ༢༠༡༧ ཕྱི་ཟླ་ ༢ ཚེས་ ༡༩ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དྷརྨཤཱལཱ་ནས་ཕེབས་ཐོན་གྱིས་ཉིན་རྒྱབ་ཏུ་གྲོང་ཁྱེར་ཅཎྜཱིགཌྷ་ (Chandigarh) རུ་འབྱོར། ཕྱི་དྲོ་ལ་དྭགས་ཀྱི་བྱང་ཆུབ་ཆེན་པོ་རྒྱལ་སྤྱིའི་སྒོམ་ཁང་ (Mahabodhi International Meditation Centre, Ladakh)
གི་གོ་སྒྲིག་འོག་ཨེམ་ཨར་ཨེ་འབྲིང་རིམ་དཔེ་སྟོན་སློབ་གྲྭའི་ཚོགས་ཁང་ (Auditorium of MRA Senior Secondary Model School, Chandigarh) དུ་སྙིང་རྗེ་ཆེན་པོའི་ཉིན་མོ་སྲུང་རྩིའི་ (Mahakaruna Diwas Celebration) མཛད་སྒོར་སྐུ་མགྲོན་གཙོ་བོར་གདན་འདྲེན་གྱིས་སྙིང་རྗེའི་སྐོར་གསུང་བཤད་གནང་ཞིང་། དེའང་ཐོག་མར་སྐུ་མགྲོན་གཙོ་བོ་རིན་པོ་ཆེ་མཆོག་གིས་གཙོས་སྐུ་མགྲོན་རྣམས་ནས་སྣང་གསལ་མར་མེ་ཞལ་དབྱེ་གནང་བ་དང་། དེ་ནས་ལ་དྭགས་ཀྱི་བྱང་ཆུབ་ཆེན་པོ་རྒྱལ་སྤྱིའི་སྒོམ་ཁང་གི་ངེས་སྟོན་པ་གནས་བརྟན་ཆེན་པོ་སཾགྷ་སེན་ (Mahathero Sanghasena, Director, Mahabodhi International Meditation Centre, Ladakh) ནས་དུས་སྟོན་འདི་འདྲ་གོ་སྒྲིག་གནང་བའི་དགོས་པ་དང་དགའ་བསུའི་གསུང་བཤད། རིན་པོ་ཆེ་མཆོག་གིས་གཙོས་སྐུ་མགྲོན་རྣམ་པར་ཆེ་བསྟོད་ཕྱག་རྟགས་འབུལ་ལམ།
རིན་པོ་ཆེ་མཆོག་གིས་སྙིང་རྗེ་ཆེན་པོའི་དྲན་རྟེན་དུས་དེབ་དང་སཾགྷ་སེན་སྐོར་འོད་སྡེར་དབུ་འབྱེད། རིན་པོ་ཆེ་མཆོག་གི་ཕྱག་ནས་སྐུ་མགྲོན་གཞན་དག་རྣམ་པར་སྙིང་རྗེ་ཆེན་པོའི་གཟེངས་རྟགས་གསོལ་བསྩལ། སྐུ་མགྲོན་རྣམ་པ་གསུམ་གྱིས་གསུང་བཤད་གནང་མཐར། སྐུ་མགྲོན་གཙོ་བོ་རིན་པོ་ཆེས། འཇིག་རྟེན་ཡོངས་ལ་གལ་གནད་རང་བཞིན་ཅན་གྱི་ཕྱག་ལས་གནང་བར་བསྔགས་བརྗོད་ཡོད་ཚུལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བདག་གཞན་མཉམ་བརྗེའི་གདམས་ངག་ཆེད་མཚོ་ཐོག་ནས་ཟླ་བ་མང་པོ་བགྲོད་དེ་སློབ་དཔོན་དྷརྨཀཱིརྟི་ནས་ཇི་ལྟར་ཐོབ་ཚུལ། གདམས་ངག་དེ་བོད་དུ་ཇི་ལྟར་སྤེལ་ཚུལ། མིའི་རང་བཞིན་དེ་སྙིང་རྗེ་ཅན་ཡིན་རུང་རྗེས་སུ་ཕྱིའི་ཤུགས་རྐྱེན་གྱིས་དྲག་པོ་དང་འཚེ་བ་ཅན་དུ་ཆགས་ཚུལ། བྱམས་པ་དང་། སྙིང་རྗེ། དགའ་བ། བཏང་སྙོམས་བཅས་ཚད་མེད་བཞི་ལས་བཏང་སྙོམས་མཐའ་མ་ཡིན་རུང་། ཉམས་ལེན་སྐབས་བཏང་སྙོམས་ནས་མགོ་འཛུགས་དགོས་ཚུལ།
སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡིན་པ་དང་། སེམས་ཅན་ཐམས་ཅད་ལ་བདེ་བ་འདོད་པ་དང་སྡུག་བསྔལ་སེལ་བའི་ཐོབ་ཐང་ཡོད་པ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་པའི་ནུས་པ་གཅིག་མཚུངས་ཡོད་པ་བཅས་རྒྱུ་མཚན་གསུམ་གྱིས་སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་ཚུལ། སངས་རྒྱས་ཀྱི་གོ་འཕང་དེ་དམིགས་ཡུལ་མིན་པར་ཐབས་ཡིན་པ་དང་། གཞན་དོན་དེ་དམིགས་ཡུལ་ཡིན་ཚུལ། ཆོས་ཁས་མི་ལེན་མཁན་ཞིག་ཡིན་རུང་ཞི་བདེ་དགོས་ཚུལ་སོགས་རྒྱས་པར་གསུངས། མཐར་བྱང་ཆུབ་ཆེན་པོ་རྒྱལ་སྤྱིའི་སྒོམ་ཁང་གི་སློབ་གྲྭའི་སློབ་སྤྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དུས་སྟོན་གྲོལ། དེ་བཞིན་མཛད་རིམ་རེ་རྫོགས་མཚམས་སུ་བྱང་ཆུབ་ཆེན་པོ་རྒྱལ་སྤྱིའི་སྒོམ་ཁང་གི་སློབ་གྲྭའི་སློབ་ཕྲུག་རྣམས་ནས་སྙིང་རྗེ་གཞིར་གྱུར་པའི་གསུང་བཤད་ཐུང་ངུ་རེ་དང་གཞས་སྣ་རེའང་གཟིགས་འབུལ་ཞུས་ཤིང་། སྐབས་དེར་གནད་ཡོད་མི་སྣ་དང་། སློབ་ཕྲུག མང་ཚོགས་བཅས་ཚོགས་བཅར་བ་ཆིག་སྟོང་བརྒལ་བ་འདུ་འཛོམས་འདུག