ཤེས་རིག་ཚོགས་ཆེན་ཐེངས་དྲུག་པའི་ཐོག་བཀའ་སློབ་གསུང་བཤད།

༄༅། །ཤེས་རིག་ཚོགས་ཆེན་ཐེངས་དྲུག་པའི་ཐོག་དཔལ་ལྡན་བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་བཞི་དང་འབྲེལ་བའི་སློབ་ཁྲིད་དང་འབྲེལ་ཡོད་རྣམས་ནས་ལག་བསྟར་གནད་སྨིན་ཡོང་ཐབས་སྐོར་གསུང་བཤད་དང་དྲི་བ་དྲིས་ལན།

Six Genral Meeting on Educationཤེས་རིག་དྲུང་ཆེ་རྣམ་པས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་མཛད་གཙོ་རྣམ་པ་དང། ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་སྤྱི་དང་དགེ་ཆེ། དགེ་རྒན་རྣམ་པ་ཚང་མར་ད་ལན་འདིར་ཤེས་རིག་ཚོགས་ཆེན་སྐབས་དྲུག་པའི་ཐོག་ལ། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོས་པ་དང་དམིགས་ཡུལ་སྐོར་ལ་ངོ་སྤྲོད་ཞུ་དགོས་རེད་ཅེས་བཀའ་ཕེབས་སོང་། དེའི་ཐོག་ལ་དམིགས་བསལ་གསར་པ་ཞུ་རྒྱུ་གང་ཡང་མེད།
སྤྱིར་བཏང་ཤེས་ཡོན་སྲིད་བྱུས་ཡིག་ཆ་དེ་རང་ལ་གསལ་པོ་ཞེ་དྲག་རེད། དེའི་ནང་སྤྱིར་ཤེས་ཡོན་གྱི་དགོས་པ། བྱེ་བྲག་བོད་མིའི་ཤེས་ཡོན་གྱི་དགོས་པ། དེ་བཞིན་ཤེས་ཡོན་གྱི་དམིགས་ཡུལ་བཞི་བཅས་ཡོད་པ་དེ་དག་གསལ་པོ་ཞེ་དྲག་རེད། དེ་ལྗགས་ཀློག་གནང་བ་ཡིན་ན་མ་མཁྱེན་པ་དང་། ཡང་བསྐྱར་དེར་འགྲེལ་བཤད་རྒྱག་རྒྱུ་མེད་པ་ལྟ་བུ་རེད། ཡིན་ནའང་ད་དུང་དེ་ཚོའི་ཐོག་ཐུགས་དོགས་མ་ཆོད་པ་དང་། དོགས་གཅོད་གནང་དགོས་པ་དེ་འདྲ་ཡོད་ན། དྲི་བ་དྲིས་ལན་གྱི་སྐབས་སུ་གནང་ཆོག་པ་ཞིག་རེད།
སྤྱིར་བཏང་བསླབ་པའམ་སློབ་གསོ། ང་ཚོས་ཤེས་ཡོན་ཞེས་ལབ་པ་དེ་འགྲོ་བ་མིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པ་གསལ་པོ་ཞེ་དྲག་རེད། འགྲོ་བ་མི་དེ་དུད་འགྲོ་སོགས་འགྲོ་བ་གཞན་ལས་དབྱེ་བ་འབྱེད་པའི་ཁྱད་ཆོས་ཁྱད་པར་བ་དེ་ག་རེ་རེད་གསུངས་པ་ཡིན་ན། སྨྲ་བརྗོད་ཀྱི་སྐད་དང་རྣམ་འབྱེད་ཀྱི་ཤེས་རབ་གཉིས་དེ་རེད། སྨྲ་བརྗོད་ཀྱི་སྐད་ཡིག་དེ་ནང་གི་རྣམ་རྟོག་གིས་དྲངས་པའི་ལུས་ངག་གི་རྣམ་རིག་ཅིག་ཆགས་ཀྱི་ཡོད། དེ་ལྟ་བུའི་ལུས་ངག་གི་རྣམ་རིག་དེ་ཡོང་བའི་རྒྱབ་ལྗོངས་ལ་དངོས་པོའི་གནས་ལ་དཔྱད་ཞིབ་དང་བླང་དོར་འབྱེད་པའི་བློ་གྲོས་སམ་ཤེས་རབ་ཀྱི་ནུས་པ་ཞིག་ཡོད་པ་དེ་གཉིས་ནི། མི་དེ་ཕྱུགས་ལས་བྱེ་བྲག་འབྱེད་པའི་ཁྱད་ཆོས་གཉིས་དེ་རང་རེད། དེའི་དབང་གིས་མིའི་སྤྱི་ཚོགས་རིམ་བཞིན་ཡར་རྒྱས་ཕྱིན་པའམ། ཡང་ན་བསྐལ་པ་རྫོགས་ལྡན་ནས་མར་འགྲིབ་པ་གང་ལྟར་ཡང་། མིའི་སྤྱི་ཚོགས་ནང་རིག་པའི་གནས་དང་བཟོ་ཡི་གནས་སོགས་རྣམ་གྲངས་མང་པོ་ཞིག་ཡོང་བ་དང་། དེ་དང་ཕྱོགས་མཚུངས་པའི་འགྲོ་བ་མིའི་ཐུན་མོང་མ་ཡིན་པའི་ལེགས་བྱང་ཧ་ཅང་ཕྱུག་པོ་ཡིན་པ་ཙམ་མ་ཟད། མིའི་ལུས་རྟེན་ལ་བརྟེན་ནས་སྐྱེ་བ་གཏན་གྱི་འདུན་མ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་ན་འགྲུབ་ནུས་པའི་གནས་བབ་ཆ་ཚང་གང་གི་ཐོག་ནས་ཡོང་གི་ཡོད་དམ་ཞེ་ན། རྣམ་འབྱེད་ཀྱི་ཤེས་རབ་ཐོག་ནས་ཡོང་གི་ཡོད། འགྲོ་བ་མི་ལ་རང་ཆས་སུ་ཡོད་པའི་རྣམ་འབྱེད་ཀྱི་ཤེས་རབ་དེའི་ས་བོན་ལ་མྱུ་གུ་འཁྲུངས་པ་དང་སྡོང་པོ་འཚར་བ། མེ་ཏོག་ལ་འབྲས་བུ་སྨིན་པའི་མཐུན་རྐྱེན་ལ་ཆུ་ལུད་དྲོད་གཤེར་དང་མཚུངས་པའི་མཐུན་རྐྱེན་མང་པོ་ཞིག་འཛོམས་དགོས་ཀྱི་ཡོད། དེའི་མཐུན་རྐྱེན་ནང་ཐོས་བསམ་བྱ་རྒྱུ་ནི་མཐུན་རྐྱེན་མེད་དུ་མི་རུང་བ་དང་མཐུན་རྐྱེན་དང་པོ་དེ་རེད། ཐོས་བསམ་ཟེར་བ་དེ་དགེ་རྒན་གྱིས་བསླབ་པ་དང་། རང་གིས་སྦྱོང་བར་བྱེད་པ་གཉིས་ཚོགས་ཀྱི་ཐོག་ནས་སློབ་སྦྱོང་ཞེས་པའི་ཚིག་དེ་བྱུང་བ་རེད། གཞན་གྱིས་བསླབས་པ། གསུང་རབ་ནས་ཐོས་པ། དེ་ལ་བརྟེན་ནས་རང་གིས་སྦྱོང་བརྡར་བྱས་ནས་ཉམས་ཐོག་ལ་འབེབས་པར་བྱེད་པའི་མཐུན་རྐྱེན་འགྲོགས་གནང་གི་ཡོད། མཐུན་རྐྱེན་དེ་མཐུན་ཕྱོགས་ལ་བྱུང་ན་འགྲོ་བ་མིའི་རྣམ་འབྱེད་ཀྱི་ཤེས་རབ་དེ་ལས་སླ་པོའི་ཐོག་ནས་ཡར་རྒྱས་འགྲོ་ཡང་། མཐུན་རྐྱེན་དེ་དག་མཐུན་ཕྱོགས་སུ་མ་སོང་བར་འགལ་རྐྱེན་གྱི་ངོ་བོར་སོང་ན། མིའི་རྣམ་འབྱེད་གོང་མཐོར་འགྲོ་བ་དང་། ཡར་རྒྱས་འགྲོ་བར་འགོག་རྐྱེན་བྱེད་པ་ཙམ་མ་ཟད། ཤེས་རབ་འཆལ་བའི་ཕྱོགས་སུ་འཁྲིད་རྒྱུ་ལས་སླ་པོ་ཞེ་དྲག་རེད། དེར་བརྟེན་མཐུན་རྐྱེན་སྦྱོར་སྟངས་ཀྱི་ཐབས་ལམ་དང་དེའི་ཡན་ལག་གམ་ལག་ཆ་དེ་དག་དེང་སྐབས་ཤེས་ཡོན་ནམ། Education སློབ་གསོ། སྔོན་མ་ང་ཚོས་བསླབ་པ་ཞེས་ལབ་ཀྱི་ཡོད། གང་ལྟར་ཡང་སྒྲོམ་གཞི་དེའི་ནང་ཚུད་ཡོད། མིའི་རྣམ་འབྱེད་ཀྱི་ཤེས་རབ་ཡར་རྒྱས་འགྲོ་སྟངས་དེ་རང་བྱུང་གི་གནས་བབ་དང་མཐུན་པ་ཞིག་བྱུང་ན་དངོས་གནས་མཐུན་རྐྱེན་ལ་སོང་ཡོད། རང་བྱུང་གི་གནས་བབ་དང་མ་མཐུན་པར་བཅོས་མའི་ངོ་བོར་བཟོ་རྒྱུའི་ཕྱོགས་ལ་ཕྱིན་ན་དེ་འགལ་རྐྱེན་ལ་ཕྱིན་པ་ཡིན་སྟབས། བར་སྐབས་ཤིག་ནས་སློབ་སྦྱོང་གི་མིང་ཐོག་ནས་མིའི་ཤེས་རབ་ཀྱི་རང་དབང་འཕྲོག་རྒྱུའི་ཐབས་ལམ་མང་པོ་ཞིག་ཆེད་དུ་གཉེར་ནས་བསྐྲུན་ཡོད་པ་མ་ཟད། ཐབས་ལམ་དེ་དག་བེད་སྤྱོད་བཏང་ནས་ད་ལྟའི་གནས་སྐབས་སུ་འགྲོ་བ་མིའི་སྤྱི་ཚོགས་ནང་རང་གི་བསམ་སྤྱོད་ཀྱི་ནུས་པ་དེ་རང་དབང་གི་ཐོག་ནས་ཡར་རྒྱས་མི་འགྲོ་བ་ཙམ་མ་ཟད། དེ་ཚོ་ཚང་མ་པར་ཁུང་ལྟ་བུ་གཅིག་གི་ནང་དུ་བླུགས་ནས་གཅིག་པ་གཅིག་རྐྱང་དང་རང་དབང་མེད་པ་བཟོ་རྒྱུའི་གནས་ཚུལ་དེ་ཁྱབ་ཆེན་པོ་ཞེ་དྲག་བྱུང་ཡོད་པ་ང་ཚོས་མངོན་སུམ་དུ་གཟིགས་པ་འདི་རེད། སྲོལ་རྒྱུན་གྱི་སློབ་གསོ་གང་འདྲ་ཞིག་ཡིན་ནའང་སློབ་གསོ་ལེན་མཁན་གང་ཟག་དེའི་ཁམས་དང་། བསམ་པ། བག་ཆགས། ནུས་པ་དེ་དག་ལ་ཞིབ་འཇུག་བྱས་ནས་དེ་དང་མཚུངས་པ་ཤིག་དང་། དེའི་ཕྱོགས་མཐུན་ལ་འཁྲིད་རྒྱུའི་འབད་བརྩོན་བྱས་པ་མ་གཏོགས། སློབ་གསོ་སྤྲོད་མཁན་གྱིས་ཐོག་མ་ནས་སློབ་སྦྱོང་ཐོན་པའི་གྲུབ་འབྲས་གང་འདྲ་ཞིག་དགོས་ཀྱི་ཡོད་པ་དེ་སློབ་སྦྱོང་བྱེད་མཁན་ལ་མ་ལྟོས་པར་སློབ་སྦྱོང་སྤྲོད་མཁན་གྱི་དགོས་མཁོ་རང་གི་ཐོག་ནས་ཆ་འཇོག་བྱས་ནས་འགྲོ་བ་དེའི་དབང་གིས། ད་ལྟ་འགྲོ་བ་མིའི་སྤྱི་ཚོགས་ནི་བཅོས་མའི་འགྲོ་བ་མིའི་སྤྱི་ཚོགས་ཤིག་མ་གཏོགས་རང་བཞིན་དུ་གནས་པའི་འགྲོ་བ་མིའི་སྤྱི་ཚོགས་མེད་པར་ཆགས་པའི་གནས་སྟངས་ལ་གྱུར་ཡོད་སྟབས། དེའི་གནས་བབ་ངོས་འཛིན་གསལ་པོ་བྱས་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ནང་ཤེས་ཡོན་གྱི་དགོས་པ་དང་། ཤེས་ཡོན་སྤྲོད་པའི་དམིགས་ཡུལ། དེ་བཞིན་ཤེས་ཡོན་གྱི་ངོས་འཛིན་སོགས་གསལ་པོ་བྱས་ནས་སྟོན་པའི་ཐབས་ཤེས་ཞུས་ཡོད། སངས་རྒྱས་ཀྱིས་གདུལ་བྱར་ཆོས་གསུངས་པའི་སྐབས་སུ་གཅིག་གྱུར་གཏན་ནས་མེད། ལོ་བཞི་བཅུ་ཙམ་གྱི་རིང་རྒྱ་གར་ནང་ས་གནས་མང་པོར་ཕེབས་ནས་ཆེད་དུ་བྱ་བའི་གདུལ་བྱ་འབུམ་ཕྲག་མང་པོར་ཆོས་ཀྱི་རྣམ་གྲངས་ཧ་ཅང་མང་པོ་གསུངས་ཡོད། Six Genral Meeting on Education 2ནང་པའི་བཤད་སྟངས་བྱས་ན་ཆོས་ཀྱི་ཕུང་པོ་བརྒྱ་ཁྲི་བཞི་སྟོང་གསུངས་ཡོད། དེ་ཚོའི་ནང་མི་མཐུན་པ་ཤ་སྟག་རེད། མཚམས་རེ་ཡོད་གསུངས་པ་དེ་སྐབས་རེ་མེད་ཅེས་གསུངས་ཡོད། མཚམས་རེ་མེད་ཅེས་གསུངས་པ་དེ་སྐབས་རེ་ཡོད་ཅེས་གསུངས་ཡོད། ཡང་སྐབས་རེ་ཡིན་གསུངས་པ་དེ་སྐབས་རེ་མ་ཡིན་ཞེས་གསུངས་པ་དང་། མཚམས་རེ་མ་ཡིན་གསུངས་པ་དེ་མཚམས་རེ་ཡིན་ཞེས་གསུངས་ཡོད། དེ་འདྲ་ཡིན་སྟབས་སྟོན་པ་གང་ཟག་གཅིག་གིས་ཆོས་ཀྱི་རྣམ་གྲངས་མི་མཐུན་པ་མང་པོ་ཡོང་བ་དེ། སྟོན་པས་ཐུགས་དྲན་མ་སོས་པ་རེད་དམ། ཡང་ན། གང་འདྲ་བྱས་ནས་མི་མཐུན་པ་ཆགས་པ་རེད་ཅེ་ན། གདུལ་བྱའི་ཁམས་དང་བསམ་པ་མི་འདྲ་བ་ཤ་སྟག་ཡིན་སྟབས། དེའི་དབང་གིས་གང་གདུལ་བྱའི་ཁམས་དང་བསམ་པ་དང་མཐུན་པ་དེ་གསུངས་པ་མ་གཏོགས། སངས་རྒྱས་རང་ཉིད་ཀྱི་དགོངས་པ་གང་ཡོད་པ་དང་སངས་རྒྱས་རང་ཉིད་ཀྱི་གཟིགས་ཚུལ་གང་ཡིན་པ་དེ། གདུལ་བྱའི་བློ་ཁ་མཐོ་དམན་ཡོངས་རྫོགས་ལ་གསུངས་ཀྱི་མེད། དེ་གསུངས་པ་ཡིན་ན་དོན་དུ་སྦྱོར་གྱི་མེད། དེའི་རྒྱུ་མཚན་གང་རེད་ཅེ་ན། གང་ཟག་བྱེ་བྲག་པའི་ཁམས་མོས་བསམ་པ་དང་། ལྷག་པར་དུ་དེའི་གཤིས་རྒྱུད་ཀྱི་ཡར་རྒྱས་འགྲོ་ཕྱོགས་ཀྱི་ནུས་པ་དེར་ངོས་འཛིན་མ་གནང་བ་དང་དེར་རིན་ཐང་མ་སྤྲད་པ་ཡིན་ན། སངས་རྒྱས་རང་གིས་གང་གསུང་རྒྱུ་ཡོད་པ་དེ་གསུངས་བཞག་པ་དེས་གང་ཟག་དེ་ཡར་རྒྱས་འགྲོ་ཐུབ་ཀྱི་མེད། ཚེ་འདིའི་མངོན་མཐོ་བསྒྲུབ་པའི་ཐབས་ཡིན་ནའང་འདྲ། སྐྱེ་བ་གཏན་གྱི་མངོན་མཐོ་བསྒྲུབ་པའི་ཐབས་ཡིན་ནའང་འདྲ། རང་གི་ནུས་པ་མ་མཐུན་པ་དང་། རང་གི་ཁམས་དང་མ་མཐུན་པའི་གནས་ཚུལ་ཞིག་གི་ཐོག་ནས་ཡར་རྒྱས་འགྲོ་རྒྱུ་མེད་པ་དེ་གསལ་པོ་ཞེ་དྲག་རེད། དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་ནང་དེའི་ལྟ་ཕྱོགས་དེ་ཆ་ཚང་མེད་པར་ཆགས་སྟབས་འགྲོ་བ་མི་ཞིག་ཡིན་ཕྱིན་ཆད་གང་འདྲ་ཞིག་བཟོ་ནའང་བཟོ་ཆོག་པའི་རྒྱུ་ཆ་ཞིག་ལ་ངོས་འཛིན་གྱི་ཡོད། མི་ལ་མིའི་འདུ་ཤེས་མེད་པར་བཟོ་གྲྭའི་ནང་བཟོ་བའི་རྒྱུ་ཆ་ Raw Material ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། Human Resource དེ་སློབ་གྲྭའི་ནང་ Process དང་ Develop བྱེད་ཀྱི་ཡོད། དེ་ནས་མར་ཐོན་དུས་གང་འདྲ་ཞིག་དགོས་ཀྱི་ཡོད་པ་དེ་དང་པོ་ནས་ཐག་བཅད་ཟིན་པ་རེད། དེ་སུས་ཐག་གཅོད་ཀྱི་ཡོད་ཅེ་ན། ཁྲོམ་ར་དང་། བཟོ་གྲྭའི་བདག་པོ། གཞུང་གི་དབང་འཛིན་པ་བཅས་ཀྱིས་ཐག་གཅོད་ཀྱི་ཡོད། གཞུང་གི་དབང་འཛིན་པ་ཚོར་གཞུང་གི་ལས་བྱེད་གང་འདྲ་ཞིག་དགོས་ཀྱི་ཡོད་པ་དང་། བཟོ་གྲྭའི་བདག་པོ་ཚོར་བཟོ་གྲྭའི་ནང་ལས་བྱེད་གང་འདྲ་ཞིག་དགོས་ཀྱི་ཡོད་པ། རྒྱལ་སྤྱིའི་རྣམ་པ་ཅན་གྱི་ཚོང་བདག་དེ་ཚོར་ཁོ་རང་ཚོར་ཚོང་ཕྲུག་གང་འདྲ་ཞིག་དགོས་ཀྱི་ཡོད་པ། དེ་ལ་གཞིར་བཞག་ནས་ཤེས་ཡོན་སློབ་ཁང་གི་སྡེ་ཚན་ཁག་གི་ནང་མིའི་རྒྱུ་ཆ་རགས་པ་དེ་དག་ཐོན་སྐྱེད་བྱས་ནས། ཁོང་ཚོའི་ཁྲོམ་རའི་ནང་ཏག་ཏག་འགྲོ་ཐུབ་པ་ཞིག་དགོས་པ་དེ་བཟོ་བཞིན་ཡོད། དེའི་དབང་གིས་མིའི་བསམ་བློའི་རང་དབང་ཆ་ཚང་ཕྲོགས་པ་རེད་ལ། བསམ་བློ་དེའི་ཡར་རྒྱས་འགྲོ་ཕྱོགས་ཀྱི་ནུས་པ་གང་ཡོད་པ་དེ་རྩིས་མེད་བཏང་བ་རེད། མི་དེ་རྒྱུ་ཆ་རགས་པ་ཞིག་ལ་ངོས་འཛིན་བྱེད་པ་དེ་འགྲོ་བ་མིའི་གཞི་རིམ་གྱི་ཐོབ་ཐང་ལ་བརྡལ་བཤིག་ཆེ་ཤོས་ཤིག་ཡིན་པར་བརྩི་ཆོག འོན་ཀྱང་དེང་སྐབས་དེའི་བསམ་ཚུལ་རྩ་བ་ནས་མེད། མི་དང་ལྕགས་ཀྱིས་བཟོས་པའི་འཁོར་ལོ་ལྟ་བུའམ་ཀམ་པུ་ཊར་ལྟ་བུ་གཉིས་ལ་ཁྱད་པར་རྩ་བ་ནས་མཐོང་གི་མེད། ལྕགས་ཀྱིས་བཟོས་པའི་ Robot ལྟ་བུ་ཡིན་ན་དེས་ལས་འཆར་གང་ཞིག་བླུགས་པ་དེ་རྗེས་མ་མར་འདོན་ཡས་ཡོད་རེད། ཀམ་པུ་ཊར་ནང་ལའང་ཡར་ག་རེ་བླུགས་པ་དེ་མར་འདོན་རྒྱུ་ཡོད་པ་ཞིག་རེད། དེ་མ་གཏོགས་ཀམ་པུ་ཊར་གྱི་རང་དབང་ལ་བསམ་བློ་གཏང་དགོས་པ་གང་ཡང་མེད། དེ་ལ་ཁམས་དང་། མོས་པ། བསམ་པའི་སྐད་ཆ་དེ་མེད། མི་ལ་ཁམས་མོས་བསམ་པའི་ཁྱད་པར་ཡོད། མི་ཚང་མ་གང་ཟག་བྱེ་བྲག་པ་དང་སྒེར་རེད། དེ་ཡིན་སྟབས་དམིགས་བསལ་བ་ཞིག་རེད། སའི་གོ་ལ་འདིའི་ཐོག་མི་ག་ཚོད་ཡོད་པ་དེ་ཚོའི་ནང་གི་གདོང་ལྟ་བུ་ཞིག་ལ་ཆ་མཚོན་ནའང་གཅིག་པ་གཅིག་རྐྱང་དབྱེ་བ་གཏན་ནས་འབྱེད་རྒྱུ་མེད་པ་ཞིག་མཐོང་རྒྱུ་མེད། མཚེ་མ་དེ་འདྲ་ཡིན་ནའང་རྒྱང་ནས་བལྟས་ན་འདྲ་པོ་ཡོད་ཀྱང་འཁྲིས་ནས་བལྟས་ན་ཁྱད་པར་ཡོད། ཉི་མ་དང་ཟླ་བའི་མིང་ཡོད་མཁན་གྱི་མཚེ་མ་གཉིས་ཡོད་ན་ཁོང་གཉིས་ལོགས་ཀ་ངོ་ཤེས་རྒྱུ་ཡོད། གདོང་ཆུང་ཆུང་ཞིག་ལའང་དེ་འདྲའི་མི་འདྲ་བ་ཡོང་དགོས་དོན་གང་རེད་ཅེ་ན། དེས་གང་ཟག་ཚོ་སྒེར་རང་དང་བྱེ་བྲག་པ་རང་ཡིན་པ་གསལ་པོ་མཚོན་གྱི་ཡོད། དེ་ཚོ་ཚང་མ་ལྕགས་སམ་ས་ལྟ་བུར་གཅིག་འགྱུར་བྱས་ནས་པར་ཁུང་གཅིག་གི་ནང་བླུགས་ནས་གཅིག་པ་འདོན་རྒྱུའི་ཐབས་ཤེས་བྱས་པ་དེ་ཤེས་ཡོན་གྱི་ལམ་སྲོལ་ཡང་དག་པ་ཞིག་རྩ་བ་ནས་ཆགས་ཀྱི་མེད། དེ་ག་ནང་བཞིན་དགེ་རྒན་ཚོའི་ངོས་ནས་ཀྱང་སློབ་ཚན་དང་ལག་རྩལ་གང་འདྲ་ཞིག་ཡིན་ནའང་། དེ་མི་སུ་ལ་བསླབས་ནའང་གཅིག་པ་རང་ཤེས་ཐུབ་པའི་ནུས་པ་ཡོད་པ་ཞིག་དང་། བྱེད་ཐུབ་ཀྱི་ཡོད་པའི་བསམ་ཚུལ་འཁྱེར་ནས་ཕྱིན་ན་དེ་མངོན་པའི་ང་རྒྱལ་ཟེར་བ་དེ་ཆགས་པ་རེད། ཇི་ཙམ་ཞིག་ཤེས་དང་མ་ཤེས་དང་། ཇི་ཙམ་ལག་རྩལ་ཐོན་དང་མ་ཐོན་དེ་གང་ཟག་སོ་སོའི་རང་བཞིན་གྱི་ནུས་པ་ལ་རག་ལས་པ་རེད་མ་གཏོགས། ཚང་མ་ལམ་སྟོན་བྱེད་མཁན་དེའི་འདོད་པ་ག་ཚོད་ཡོད་པ་བཞིན་ཏག་ཏག་འགྲོ་བའི་ངེས་པ་དང་ཕྱོགས་གཉིས་ཀའི་གནས་སྟངས་དེ་མཐོང་དགོས་པ་ཞིག་དང་ཤེས་དགོས་པ་ཞིག་རེད། དེ་མ་ཤེས་པ་ཡིན་ན་ད་ལྟའི་གནས་བབ་དེ་ཆགས་ཀྱི་ཡོད། དེར་བརྟེན་ད་ལྟའི་གནས་སྐབས་སུ་རང་དབང་དང་འདྲ་མཉམ། དྲང་བདེན་ཟེར་བ་དེ་དག་དེང་རབས་སྤྱི་ཚོགས་ནང་ཁ་ནས་བཤད་རྒྱུའི་འབོད་ཚིག་ཅིག་ཏན་ཏན་ཆགས་ཡོད། ལྷག་པར་དུ་ཕ་རན་སིར་གསར་བརྗེ་བྱུང་བའི་རྗེས་ནས་ཚིག་འདི་ཚོ་འཇིག་རྟེན་ཡོངས་ཁྱབ་ཆགས་པ་རེད། རང་དབང་དང་། དྲང་བདེན། འདྲ་མཉམ་ཟེར་བའི་ཚིག་དང་། དེ་བཞིན་མཉམ་འབྲེལ་ཟེར་བའི་ཚིག་དེ་ཚོ་སུ་དང་སུ་ཡིན་ནའང་རྒྱུན་གཏན་བེད་སྤྱོད་གཏོང་རྒྱུ་དང་འབོད་སྒྲ་སྒྲོག་རྒྱུའི་བཟོ་ལྟ་བུ་ཆགས་པ་རེད། ཡིན་ནའང་སྤྱིར་དེང་རབས་དང་ལྷག་པར་ཤེས་ཡོན་དང་འབྲེལ་བའི་དེང་རབས་ཀྱི་ལམ་སྲོལ་འདིའི་ཐོག་འདི་བཞི་ཀ་ཆེད་དུ་གཉེར་ནས་རྩ་མེད་གཏོང་མཁན་ལྟ་བུ་བྱུང་བ་རེད། རང་དབང་ཆ་ཚང་འཕྲོག་དགོས་ཀྱི་ཡོད། རང་དབང་ཆ་ཚང་ཕྲོགས་པའི་རྗེས་ལ་འདྲ་མཉམ་ཟེར་བ་དེ་ཡོང་རྒྱུ་མེད་པ་རེད། ཕྱེད་ཀ་འཕྲོག་མཁན་གྱི་སྡེ་ཚན་ནང་ཡོད་པ་དང་ཕྱེད་ཀ་རང་དབང་ཤོར་མཁན་གྱི་སྡེ་ཚན་ནང་ཡོད། དེ་འདྲ་ཡིན་སྟབས་འདྲ་མཉམ་གྱི་གཞི་རྩ་བརླགས་པ་རེད། Six Genral Meeting on Education 1འདྲ་མཉམ་གྱི་གཞི་རྩ་བརླགས་པའི་རྗེས་ལ་དྲང་བདེན་ཟེར་བ་དེ་ཚིག་ཙམ་རེད། ཕྱོགས་གཅིག་དབང་སྒྱུར་བ་པོ་དང་ཕྱོགས་གཅིག་དབང་བསྒྱུར་བྱ་ཆགས་ཟིན་པའི་རྗེས། དྲང་བདེན་ཟེར་བ་དེ་ཡོང་ཡས་མེད་པ་རེད། དྲང་བདེན་ཡོང་རྒྱུ་མེད་པའི་རྗེས་ལ། མཉམ་འབྲེལ་དང་མཉམ་མཐུན་ཟེར་བ་དེའང་ཡོང་རྒྱུ་མེད་པ་གསལ་པོ་ཞེ་དྲག་རེད། མཐུན་སྒྲིལ་དང་མཉམ་རུབ་ཟེར་བ་དེ་འགྲན་སྡུར་མེད་ས་ཞིག་ཏུ་ཡོང་སྲིད་པ་མ་གཏོགས། འགྲན་སྡུར་ཡོད་ས་ཞིག་ལ་མཉམ་རུབ་དང་མཐུན་སྒྲིལ་གཉིས་ཀ་ཡོང་ཐབས་མེད། འགྲན་སྡུར་ཟེར་བ་དེ་རང་རྒྱལ་གཞན་ཕམ་གྱི་དམིགས་ཡུལ་བཟུང་ནས་བྱེད་དགོས། མཉམ་རུབ་ཟེར་བ་དེ་གཅིག་རྒྱལ་གཅིག་ཕམ་གྱི་སྐད་ཆ་མེད་པར་གཉིས་ཀ་གཅིག་གྱུར་གྱི་ཐོག་ནས་བྱ་བ་ཞིག་ལ་མཉམ་རུབ་བྱས་ནས་མཚོན་རྒྱུ་དེ་རེད། དེ་ཚོ་ཚང་མ་རྩ་མེད་ལ་ཕྱིན་པ་རེད། དེ་རྩ་མེད་གཏོང་མཁན་དེ་དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་དེ་གལ་ཆེ་ཤོས་སམ། གཙོ་ཆེ་ཤོས། ཤུགས་ཆེ་ཤོས་ཤིག་རེད། སྤྱིར་བཏང་གི་རྒྱབ་ལྗོངས་ལ་དཔལ་འབྱོར་དང་ཆབ་སྲིད་ཀྱི་ལམ་སྲོལ་ཡོད་ཀྱང་། དཔལ་འབྱོར་དང་ཆབ་སྲིད་ཀྱི་ལམ་སྲོལ་ནང་རང་དབང་མེད་པ་དང་། འདྲ་མཉམ་མེད་པ། དྲང་བདེན་མེད་པ། མཉམ་རུབ་མེད་པ་བཅས་བཟོ་བའི་ལག་ཆ་ལྟ་བུ་དེ་ཤེས་ཡོན་གྱི་ལམ་སྲོལ་ཆགས་ཡོད། དེ་ང་ཚོས་གསལ་པོ་བྱས་ནས་གཟིགས་མ་ཐུབ་ན། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་དེ་དག་གཏིང་ཟབ་པོ་བྱས་ནས་ར་འཕྲོད་པར་སྐུ་ངལ་ཡོད་རེད། ད་ལྟའི་སྤྱི་ཚོགས་ནང་། བརྒྱ་ཕྲག་ཉེར་གཅིག་པའི་སྤྱི་ཚོགས་འདི་དེང་རབས་གོང་མའི་སྤྱི་ཚོགས་ཀྱི་དཔལ་ཡོན་ (Post-modern Civilization) ནང་སྡོད་མཁན་གྱི་སྤྱི་ཚོགས་ཡིན་ཞེས་ལབ་ཀྱི་ཡོད། ད་དེང་རབས་གོང་མའི་རྗེས་ལ་གང་དུ་འགྲོ་གྲབས་ཡོད་ཧ་གོ་རྒྱུ་མེད། དེང་རབས་གོང་མའི་རྗེས་ལ་འགྲོ་ས་ཤིག་ཡོད་ན་རྩ་མེད་ཤུལ་མེད་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ཟེར་བ་དེ་ཡིན་གྱི་རེད་བསམ་གྱི་འདུག Martin Luther King གི་གཏམ་བཤད་ཅིག་ཡོད་རེད། དེ་ངས་ཞེ་དྲག་དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་པ་ཞིག་རེད་བསམ་གྱི་ཡོད། ང་ཚོས་འཚེ་བ་དང་འཚེ་བ་མེད་པའི་དབར་ལ་གདམ་ཀ་བྱེད་རྒྱུའི་གོ་སྐབས་དེ་ཤོར་ཟིན་པ་རེད། ད་ང་ཚོར་གདམ་ཀ་གཉིས་རང་ཡོད་པ་དེ་གང་རེད་ཅེ་ན། ཡང་ན་འཚེ་བ་མེད་པ་གདམ་རྒྱུ་དང་ཡང་མིན་ན་རྩ་མེད་ཤུལ་མེད་གདམ་རྒྱུ་རེད། The choice is only between nonviolence or nonexistence. འཚེ་བ་མེད་པར་ཕྱིན་པ་ཡིན་ན་གཅིག་བྱས་ན་ལྷག་སྲིད་པ་རེད། འཚེ་བའི་ནང་ཕྱིན་ན་ལྷག་རྒྱུ་གང་ཡང་མེད། ད་ལྟའི་གནས་སྐབས་སམ་དེང་རབས་གོང་མའི་གནས་སྐབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་དང་། ཆབ་སྲིད་ཀྱི་ལམ་སྲོལ། དཔལ་འབྱོར་གྱི་ལམ་སྲོལ། ཤེས་ཡོན་གྱི་ལམ་སྲོལ་གང་འདྲ་ཞིག་ཡིན་ནའང་། འགྲོ་བ་མི་ཙམ་མ་ཟད། སའི་གོ་ལ་འདིའི་ཐོག་གི་སྲོག་ཆགས་ཡོངས་སུ་རྫོགས་པའི་རྟེན་གཞི་ས་དང་བཅས་པ་ཐམས་ཅད་རྩ་མེད་ཤུལ་མེད་གཏོང་ཡས་ཀྱི་ཕྱོགས་སུ་ཤུགས་ཆེན་པོ་དང་མགྱོགས་ཚད་མཐོ་པོ་བྱས་ནས་འགྲོ་བཞིན་ཡོད་པ་མ་གཏོགས། མི་རྒྱུན་གནས་ཐུབ་པའི་བསམ་ཚུལ་ཞིག་གང་དུའང་མེད། རྒྱུ་མཚན་དེ་འདྲའི་དབང་གིས་ད་ལྟ་ནས་ལོ་ ༡༠༥ ཡི་གོང་དུ་བདག་ཉིད་ཆེན་པོ་གཱནྡྷཱིས་དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་ཟེར་བ་དེ་ཧིནྡུའི་ཚིག་གི་ཐོག་ནས་བཤད་པ་ཡིན་ན་སྙིགས་མ་ལྔ་བདོའི་སྤྱི་ཚོགས་ཀྱི་དཔལ་ཡོན་དང་། ཁ་ཆེའི་ཚིག་གི་ཐོག་ནས་བཤད་ན་བདུད་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་རེད་ཅེས་ཚིག་ཐག་ཆོད་པོས་གསུངས་དགོས་པའི་གནས་ཚུལ་དེ་དངོས་ཡོད་རང་རེད། དེ་ཇི་ལྟ་བ་བཞིན་དུ་གཟིགས་ནས་གསུངས་པ་ཞིག་རེད་མ་གཏོགས་སྒྲོ་བཏགས་དང་ཕྱོགས་ལྷུང་གི་སྐད་ཆ་ཞིག་རྩ་བ་ནས་མ་རེད། མ་གཞི་ད་ལྟ་ལོ་ ༡༠༥ ཡི་རྗེས་ལ་བསྐྱར་ལྡབ་བྱས་ནས་བལྟ་དུས་གསལ་པོ་བྱས་ནས་ར་འཕྲོད་ཡོད་སྟབས་ང་ཚོས་ཤེས་ཡོན་སྲིད་བྱུས་ནང་ཤེས་ཡོན་གྱི་དམིགས་ཡུལ་དེར་རང་དབང་དང་པོར་བཞག་པ་དང་། འཇོག་དགོས་དོན་ནི། རང་དབང་མེད་ན་བདེ་བ་མེད། རང་དབང་མེད་ན་རང་བཞིན་དུ་གནས་ཀྱི་མེད། རང་བཞིན་དུ་མི་གནས་པའི་མི་ཞིག་གིས་རང་གི་དོན་བསྒྲུབ་ཐུབ་ཀྱི་མེད། གཞན་གྱི་དོན་བསྒྲུབ་ཐུབ་ཀྱི་མེད། སྤྱི་ཚོགས་ཀྱི་དོན་བསྒྲུབ་ཐུབ་ཀྱི་མེད། མི་རིགས་ཀྱི་དོན་དག་བསྒྲུབ་ཐུབ་ཡས་མེད། དེར་བརྟེན། མི་དེ་མིའི་ངོ་བོར་སྒྲུབ་པར་བྱེད་པ་ལ་ཁོ་ལ་དགོས་ངེས་ཀྱི་རང་དབང་དེ་ངེས་པར་དུ་དགོས་ཀྱི་ཡོད། རང་དབང་མེད་ན་ག་ཚོད་མི་དགོས་ག་ཚོད་ཡིན་ཟེར་ནའང་ཞེད་སྣང་གི་འོག་ལས་ཀ་བྱེད་ཀྱི་ཡོད། ཡང་ན། འདོད་རྔམ་འོག་ལས་ཀ་བྱེད་ཀྱི་ཡོད། རེ་དོགས་གཉིས་པོ་གང་རུང་མེད་པའི་ཤེས་པ་རང་བཞིན་པའི་ལས་ཀ་བྱེད་རྒྱུའི་གོ་སྐབས་དེ་ཤོར་ཟིན་པ་རེད། ཞེད་སྣང་གི་འོག་ནས་ངས་དེ་འདྲ་ཞིག་མ་བྱས་ན་གོང་རིམ་གྱིས་བཀའ་བཀྱོན་ཕོག་གི་རེད། ཆད་པ་ཕོག་གི་རེད། གོ་གནས་ཤོར་གྱི་རེད། གླ་ཆ་ཤོར་གྱི་རེད་བསམས་པའི་ཞེད་སྣང་གི་འོག་ནས་ལས་ཀ་བྱེད་ཀྱི་ཡོད། ཡང་མིན་ན། ངས་ལས་ཀ་དེ་འདྲ་ཞིག་བྱས་ན་ཁེ་བཟང་རག་གི་རེད། གོ་གནས་རག་གི་རེད། དངུལ་རག་གི་རེད། དེ་མ་གཏོགས་པའི་བྱ་བ་གང་འདྲ་ཞིག་ཡིན་ནའང་འཕྲལ་དང་ཕུགས་སུ་རང་ལ་ག་རེ་ཕན་གྱི་རེད། གཞན་ལ་ག་རེ་ཕན་གྱི་རེད། སྤྱི་ཚོགས་ལ་ག་རེ་ཕན་གྱི་རེད། སེམས་ཅན་སྤྱི་ཡོངས་ལ་ག་རེ་ཕན་གྱི་རེད། ག་རེ་གནོད་ཀྱི་རེད། དེའི་བསམ་བློ་གཏང་རྒྱུའི་རང་དབང་ཤོར་ཚར་བ་རེད། དེ་འདྲ་ཡིན་སྟབས། ཤེས་ཡོན་བསྐྲུན་པའི་རྗེས་ལ་ཤེས་ཡོན་ཡོད་པའི་མི་ཞིག་ཡིན་ན། སྔོན་དང་པོ་དེ་རང་དབང་ཡོད་པ་ཞིག་དགོས་རྒྱུ་དེ་བཤད་མི་དགོས་པ་རེད། རང་དབང་དེའང་ནང་གསེས་ཀྱི་གནས་བབ་འདྲ་པོ་གསུམ་ལ་བགོ་བཤའ་བརྒྱབས་ནས་འདིའི་ནང་ལ་བཤད་ཡོད། རང་དབང་ཐམས་ཅད་ཀྱི་འབྱུང་ཁུངས་འདྲ་པོ་དེ་བསམ་བློའི་རང་དབང་རེད། བསམ་བློའི་རང་དབང་མེད་པ་ཡིན་ན་རང་དབང་གཞན་དག་ཚང་མ་ཕན་ཐོགས་མེད་ལ་ཡོང་ཐབས་ཀྱང་མེད། བསམ་བློའི་རང་དབང་ཡོང་བ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གཅིག་ག་རེ་དགོས་ཤེ་ན། རྒྱུ་མཚན་བསམ་བློ་བཏང་ནས་ཤེས་པ་དེ་དགོས་ཀྱི་ཡོད། ཨིན་ཇིའི་སྐད་ལ་rationality ཟེར་གྱི་འདུག དེར་བརྟེན། རྒྱུ་མཚན་ལ་བསམ་བློ་གཏོང་མ་ཤེས་ན་ག་རེ་བྱས་པ་ཡིན་ནའང་རྨོངས་ཞེན་གྱི་ཐོག་ནས་བྱེད་རྒྱུ་ཆགས་ཀྱི་རེད། རྒྱུ་མཚན་ལ་བསམ་བློ་བཏང་ཤེས་པ་དེ༌ཕྱོགས་གཅིག་ནས་རྒྱུ་མཚན་ལ་བསམ་བློ་བཏང་ཤེས་པ་ཡིན་ན། བསམ་བློའི་རང་དབང་གི་འགོ་ཐོག་མ་ཞིག་མངོན་གྱི་རེད། བསམ་བློའི་རང་དབང་ཡོད་ན། རྒྱུ་མཚན་བསམ་བློ་གཏོང་རྒྱུ་དང་ཞིབ་འཇུག་བྱེད་རྒྱུར་ཡར་རྒྱས་འགྲོ་སྟབས་དེ་གཉིས་གཅིག་ཕན་གཅིག་གྲོགས་བྱེད་རྒྱུ་རེད། ཐོག་མར་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏོང་རྒྱུ་དང་། མིས་བཤད་པ་དེ་ལ་ཆ་མ་བཞག་པར་སོ་སོས་བརྟག་དཔྱད་བྱེད་རྒྱུ། སངས་རྒྱས་ཀྱིས་རང་གདུལ་བྱ་ཡོངས་སུ་རྫོགས་པ་ལ། ངས་ལབ་པ་ལ་ཆ་མ་བཞག་པར་སོ་སོས་བརྟག་དཔྱད་བྱ་དགོས་གསུངས་པ་དེ་ཧ་ཅང་གནད་འགག་ཆེན་པོ་རེད། སྤྱིར་བཏང་གང་གསུངས་པ་དེ་ངས་གོང་དུ་ཞུས་པ་ནང་བཞིན། གདུལ་བྱའི་ཁམས་དང་། མོས་པ། བསམ་པ་དང་མཚུངས་པ་བྱས་ནས་གསུང་གི་ཡོད་ཀྱང་། གསུངས་པའི་རྗེས་ལ་ད་ངས་བཤད་པ་དེ་ཆ་གཞག་དགོས་པ་རེད་ཅེས་རྩ་བ་ཉིད་ནས་གསུངས་མེད། དོ་ནན་པོ་བྱས་ནས། ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་ང་ལ་གུས་ཞབས་ཡོད་པའི་རྒྱུ་མཚན། ང་ལ་དད་པ་ཡོད་པའི་རྒྱུ་མཚན་གྱིས་ཆ་བཞག་ན་འགྲིག་གི་མ་རེད་ཅེས་ཚིག་གི་བདག་པོས་ཚིགས་སུ་བཅད་ནས་གསལ་པོ་གསུངས་དགོས་པ་དེ་ཆ་བཞག་པ་ཡིན་ན་ཤེས་ཀྱི་མེད། དེ་རིང་སང་ཉིན་སློབ་སྦྱོང་ནང་ལ་བརྒྱ་ཆ་ ༨༠ ཆ་བཞག་ནས་འགྲོ་བ་མ་གཏོགས་ཤེས་ཀྱི་མེད། ཤེས་རྒྱུར་ཐབས་ཤེས་ཀྱང་བྱེད་ཀྱི་མེད། དེབ་ནང་ལ་གང་བྲིས་པ་དང་དགེ་རྒན་གྱིས་གང་བསླབས་པ་དེ་ཡིན་ཤག་ཤག་བྱས་ཏེ། ཤེས་ཀྱི་ཡོད་དམ་ཞེས་དྲིས་ན་ཤེས་ཀྱི་ཡོད་ལབ་ཀྱི་རེད། གང་འདྲ་བྱས་ནས་ཤེས་ཀྱི་ཡོད་ཟེར་ན། རྒན་ལགས་ཀྱིས་གསུང་གི་འདུག དེབ་ནང་དུ་བྲིས་འདུག གཅིག་གཅིག་ཅིག་གིས་བརྟག་དཔྱད་བྱས་ནས་རྙེད་པ་རེད་ཟེར་བ་མ་གཏོགས། གཞན་དག་ཅིག་གིས་བརྟག་དཔྱད་བྱས་ནས་རྙེད་པ་དེས་རང་ལ་ག་རེ་ཕན་གྱི་རེད། རང་གིས་ཤེས་པ་དེ་ག་དུས་ཆགས་ཀྱི་རེད་ཅེ་ན། རང་གིས་བརྟག་དཔྱད་བྱས་ནས་དཔྱད་སྟོབས་ཀྱིས་རྙེད་པ་གཅིག་བྱུང་ན་དེ་དུས་ཤེས་པའི་ཐ་སྙད་འཇུག་གི་རེད། དེ་འདྲ་ཡིན་པའི་རྐྱེན་གྱིས་བརྟག་དཔྱད་བྱེད་ཤེས་པ་ཙམ་དུ་མ་ཟད། རང་གིས་ཤེས་དང་མ་ཤེས་ཀྱི་རྒྱུགས་སྤྲོད་ལེན་ཐུབ་པ་དེའང་སོ་སོས་བྱེད་ཐུབ་པ་ཞིག་དགོས་པ་མ་གཏོགས། ད་ལྟ་མི་མང་པོ་ཞིག་གི་བསམ་བློའི་ནང་ལ་རང་ཉིད་ཀྱིས་མ་ཤེས་པ་དེ་ཡང་རང་ཉིད་ཀྱིས་ཤེས་མེད་པར་ད་དུང་རང་ཉིད་ཀྱིས་ཤེས་སོང་དྲན་བསྡད་པ་དེ་བསམ་བློའི་རང་དབང་གི་བར་ཆད་ཆེ་ཤོས་ཤིག་རེད། ལྷ་སྟེན་མཁན་ཞིག་གིས་ སོ་ཀྲེཊ་Socrate ལ་ཁྱེད་རང་ལུང་པ་འདིའི་མཁས་པ་ཆེ་ཤོས་དེ་རེད། ཅེས་ལུང་བསྟན་བརྒྱབས་པའི་སྐབས་ལ། སོ་ཀྲེཊ་ལ་སེམས་ཁྲལ་ཞེ་དྲག་བྱུང་བ་རེད། ལྷ་དེས་ལུང་བསྟན་རྫུན་མ་བརྒྱབས་འདུག ཡང་མིན་ན་ལྷ་དེ་རྫུན་མ་རེད། ངས་གང་ཡང་ཤེས་ཀྱི་མེད་དེ། ག་རེ་ཡིན་ནམ། ང་མཁས་པ་སྐད་གྲགས་ཆེ་ཤོས་རེད་ཟེར་བ་དེ་གང་འདྲ་ཡིན་ན་ཞེས་སྐད་ཆ་འདྲི་བར་ཕྱིན་པ་རེད། མཐའ་མ་དེ་ལ་ཕལ་ཆེར་ལྷ་ཡིས་སྐྱག་རྫུན་བཤད་ཡོད་ས་མ་རེད། ཁོ་ཚོ་ཚང་མས་རང་ཉིད་ཀྱིས་མ་ཤེས་པ་དེ་ཤེས་ཀྱི་མི་འདུག རང་ཉིད་ཀྱིས་མ་ཤེས་པ་ཤེས་མཁན་དེ་ང་གཅིག་པུ་རེད་འདུག ཅེས་སོ་ཀྲེཊ་ཡི་ལུང་སྐད་གྲགས་ཆེ་ཤོས་དེ་རེད། སོ་ཀྲེཊ་ཡིས། ངས་དོན་དག་གཅིག་ཡང་དག་པ་ཤེས་ཀྱི་ཡོད། དེ་ག་རེ་རེད་ཅེ་ན། ངས་གང་ཡང་ཤེས་ཀྱི་མེད་པ་དེ་རེད་གསུངས་ཡོད། དེར་བརྟེན་སོ་ཀྲེཊ་ནང་བཞིན་རང་གིས་མ་ཤེས་པ་དེ་རང་གིས་ཤེས་པ་བྱ་རྒྱུའི་བསམ་བློའི་རང་དབང་དང་། བརྟག་དཔྱད་བྱེད་རྒྱུའི་ནུས་པ་དེ་མེད་ན་ཡོང་རྒྱུ་ཁག་པོ་རེད། དེ་རིང་སང་ཉིན་ང་ཚོ་མང་ཆེ་བ་ཞིག་བརྒྱ་ཆ་ ༨༠ ཐམ་པ། གཅིག་བྱས་ན་བརྒྱ་ཆ་ ༨༠ ལས་མང་བ་ཡོད་ཀྱི་རེད། ཚང་མ་ལ་ཆ་བཞག་ནས་རིག་པའི་གནས་གང་འདྲ་ཞིག་ཡིན་ནའང། ཆོས་ཕྱོགས་ནས་ཡིན་ནའང་རེད། ཚན་རིག་ཐོག་ནས་ཡིན་ནའང་རེད། སྐད་ཡིག་ཐོག་ནས་ཡིན་ནའང་རེད། མང་པོ་ཞིག་ཆ་བཞག་ནས་འགྲོ་བ་མ་གཏོགས་ཤེས་ཀྱི་མེད། ཡིན་ནའང་ཤེས་ཀྱི་མེད་པ་དེ་ཤེས་ཀྱི་མེད་སྟབས་དེ་ཚོ་ཚང་མ་ག་དུས་ཡོང་གི་རེད་ཅེ་ན། དངོས་གནས་དྲང་གནས་ཀྱི་རིགས་པའི་ལམ་གྱི་རིགས་པ་གསུམ་མམ། རིགས་པ་བཞི་གང་ཡང་རུང་བ་ཞིག་གི་ཐོག་ནས་བརྟག་དཔྱད་བྱེད་རྒྱུའི་ནུས་པ་དང་བརྟག་དཔྱད་བྱེད་སྟངས་གང་འཚམས་ཤེས་ན་གཞི་ནས་དེ་ཡོང་བ་ཞིག་རེད། བསམ་བློའི་རང་དབང་བྱུང་ན། དེའི་རྗེས་ལ་འཚོ་བའི་རང་དབང་དང་། སྲུང་སྐྱོབ་རང་དབང་། སྤྱོད་པའི་རང་དབང་ཚང་མ་རང་བཞིན་གྱིས་ཡོང་ཐུབ་སྟབས། ངས་ནམ་རྒྱུན་རིག་གནས་མང་ཆེ་བ་ཞིག་གིས་རྨོངས་དད་སྐྲུན་བཞིན་ཡོད་ཞུ་བཞིན་ཡོད། ལྷག་པར་དུ་ཆོས་དང་ཚན་རིག་གཉིས་ཀྱིས་སྤྱི་ཚོགས་ནང་ལ་རྨོངས་དད་ཤུགས་ཆེན་པོ་ཞིག་བསྐྲུན་ཡོད། ཆོས་ལ་བརྟེན་ནས་རྨོངས་དད་མང་པོ་བྱུང་བ་རེད། ཆོས་ཀྱིས་རྨོངས་དད་སྤེལ་བས་དུས་ཚོད་སླེབས་སྐབས་ཆོས་བསྣུབ་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ཆོས་ལ་བརྟེན་པའི་རྨོངས་དད་ལ་བརྟེན་ནས་བྱུང་བ་རེད། དེ་ནང་བཞིན་ཚན་རིག་ནང་ལའང་ཚན་རིག་གིས་བསྐྲུན་པའི་རྨོངས་དད་མང་པོ་ཞིག་ཡོད། དེ་ལ་བརྟེན་ནས་ཚན་རིག་གི་དགོས་པ་དང་ནུས་པ་གཉིས་ཀ་ཉམས་འགྲོ་བ་རེད། རྨོངས་དད་མི་ཡོང་བ་དེ་ག་དུས་ཆགས་ཀྱི་རེད་ཅེ་ན། དཔྱད་པ་བྱེད་རྒྱུའི་རང་དབང་དང་ནུས་པ་དེ་གཉིས་རང་ཉིད་ལ་ཡོད་པ་དེ་སྲིད་དུ་བསྡད་ཀྱི་རེད་མ་གཏོགས་དེ་གཉིས་མེད་ན་ཡོང་རྒྱུ་མེད། ད་བསམ་བློའི་རྟོག་དཔྱོད་དང་བླང་དོར་བྱེད་ཤེས་མཁན་གྱི་རང་དབང་ཞིག་ཡོད་ནའང་། མི་ཞེས་པ་དེ་འཚོ་ཐབས་ལ་བརྟེན་དགོས་པ་ཞིག་རེད། འཚོ་ཐབས་ལ་བརྟེན་དགོས་པས་འཚོ་ཐབས་དེ་འཚེ་བ་མེད་པའི་ལམ་ནས་བསྒྲུབ་རྒྱུའི་རང་དབང་དང་ཤེས་ཡོན་ཞིག་མེད་ན། འཚོ་ཐབས་ཀྱི་དབང་གིས་བསམ་བློའི་རང་དབང་ཡང་ཤོར་འགྲོ་བཞིན་ཡོད། དེ་རིང་སང་ཉིན་འཚོ་ཐབས་མང་ཆེ་བ་ཞིག་གཞན་བརྟེན་རེད། གཞན་བརྟེན་ཟེར་དུས་ཡང་མིན་ན་གཞན་གྱི་རོགས་རམ་ལ་བརྟེན་དགོས། ང་ཚོ་བོད་པ་ལྟ་བུར་ཆ་བཞག་ན། འདས་པའི་ལོ་ལྔ་བཅུ་ང་གྲངས་ཤིག་གི་རིང་ལ་གཞན་བརྟེན་ཁོ་ན་བྱས་ནས་སོ་སོས་འཇོན་ཚོད་དཔག་ཚོད་ཀྱིས་དཔལ་འབྱོར་འདྲ་པོ་ཨའུ་ཙམ་ཆགས་པ་ཡིན་ནའང་། ད་དུང་མིའི་རྩ་ནས་རོགས་རམ་ལེན་རྒྱུ་རག་པ་ཡིན་ན་ལེན་རྐྱང་མ་གཏོགས་ད་ང་ལ་དགོས་ཀྱི་མེད་བསམ་པའི་བསམ་ཚུལ་དེ་ཡོང་ཁག་པོ་འདུག རང་གི་ནང་ལ་སོ་སོས་འདུ་འགོད་བྱས་པའི་དཔལ་འབྱོར་གྱི་ཐོག་ནས་རྒྱས་སྤྲོས་གང་ལ་གང་འཚམས་བྱེད་རྒྱུ་ཡོད་མཁན་དེ་ཚོ་ཡང་རོགས་རམ་ལེན་རྒྱུར་འཚེར་སྣང་དང་ངོ་ཚ་མེད་པར་རག་ན་ལེན་སྡོད་མཁན་དེ་འདྲ་ཡོང་རྒྱུ་དེ་གཞན་བརྟེན་གྱི་བསམ་བློ་དེ་རེད། དེ་འདྲའི་གཞན་བརྟེན་གྱི་བསམ་བློ་མེད་པ་ཡིན་ནའང་རང་གི་དཔལ་འབྱོར་དེ་རང་གི་ལུས་ཀྱི་དཀའ་ལས་ཀྱི་ཐོག་ནས་མ་བསྐྲུན་པར་གཞན་ལ་བཤུ་གཞོག་བཏང་། ཚོང་པ་དང་། བཟོ་གྲྭའི་བདག་པོ། དཔལ་འབྱོར་འདུ་འགོད་བྱེད་མཁན་གང་འདྲ་ཞིག་ཡིན་ནའང་བཤུ་གཞོག་བཏང་ནས་ཁེ་བཟང་ལེན་རྒྱུ་དེ་ལས་སླ་པོ་རེད། ཧ་ལམ་བཤུ་གཞོག་མ་བཏང་བར་དཔལ་འབྱོར་འདུ་འགོད་བྱེད་མི་ཤེས་པ་ལྟ་བུ་དེང་རབས་ཀྱི་ཁྲོམ་རའི་ལམ་ལུགས་ལ་བྱུང་བས་གཞན་གྱི་རྩ་ནས་རོགས་རམ་ལེན་དགོས་པ་དང་གཞན་ལ་བཤུ་གཞོག་བཏང་ནས་འཚོ་དགོས་པ་ཡིན་ཕྱིན་ཆད་ལ་འཚོ་བའི་རང་དབང་དེ་མ་ཐོབ་པ་རེད། ཨ་ཇཱི་ཝི་ཀཱ་སྭ་རཱཇ་ཟེར་བ་དེ་རག་གི་མེད། ཨ་ཇཱི་ཝི་ཀཱ་སྭ་རཱཇ་ཞེས་པ་སངས་རྒྱས་ཀྱིས་ཆོས་འཁོར་དང་པོའི་ནང་ལ་གསུངས་པའི་འཕགས་ལམ་ཡན་ལག་བརྒྱད་ནང་ནས་ཡང་དག་པའི་འཚོ་བ་ཞེས་པ་དེ་རེད། ཡང་དག་པའི་འཚོ་བ་ཞེས་པ་དེ་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པའི་འཚོ་བ། གཞན་ལ་བཤུ་གཞོག་བྱས་པ་མ་ཡིན་པ། གཞན་གྱི་རྩ་ནས་ལག་པ་བཟེད་པ་མ་ཡིན་པའི་འཚོ་བའི་རང་དབང་ཞིག་དགོས་ཀྱི་ཡོད། དེ་གཉིས་ཀ་བྱུང་ནའང་ད་དུང་རང་དབང་ཤོར་རྒྱུའི་ལམ་ག་གཅིག་ཡོད་པ་དེ་གང་རེད་ཅེ་ན། སྲུང་སྐྱོབ་རེད། རང་གིས་རང་ཉིད་སྲུང་སྐྱོབ་བྱེད་རྒྱུ། རང་གིས་རང་གི་ཡུལ་འཁོར་སྲུང་སྐྱོབ་བྱེད་རྒྱུ། མི་རིགས་སྲུང་སྐྱོབ་བྱེད་རྒྱུ། རྒྱལ་ཁབ་སྲུང་སྐྱོབ་བྱེད་རྒྱུ། དེ་རིང་སང་ཉིན་སྲུང་སྐྱོབ་ཅེས་པའི་ཚིག་དེའི་རྗེས་ལ་འཚེ་བ་དང་དྲང་བདེན་མ་ཡིན་པའི་ལས་དོན་མང་པོ་ཞིག་འགྲོ་བཞིན་ཡོད། རྡུལ་ཕྲན་མཚོན་ཆའམ། དེ་མ་ཡིན་པའི་མི་སྟོང་ཕྲག་ཁྲི་ཕྲག་མང་པོ་སྡེབ་གཅིག་ལ་གསོད་ནུས་པའི་མཚོན་ཆའི་རིགས་ཚང་མའི་རྒྱབ་ལྗོངས་དེ་ལ་སྲུང་སྐྱོབ་སྟེ། རྒྱལ་ཁབ་དང་། མི་རིགས། སྤྱི་ཚོགས་ཀྱི་སྲུང་སྐྱོབ་ཀྱི་དོན་དག་རེད། སྲུང་སྐྱོབ་ཅེས་པའི་ཚིག་དེའི་ནང་ནས་འཚེ་མེད་ཞི་བའི་ལམ་ནས་རང་གིས་རང་ཉིད་སྐྱོབ་ཐུབ་པ་ཞིག་མ་བྱུང་བར་ག་དུས་ཡིན་ནའང་སྲུང་སྐྱོབ་འོག་ལ་བསྡད་དགོས་བྱུང་ན། མི་དེའི་གཞི་རིམ་རང་དབང་གཅིག་མེད་པ་ཆགས་པ་རེད། རང་གི་ལུས་དང་སྲོག་དང་ལོངས་སྤྱོད་དེ་དག་ག་དུས་ཡིན་ནའང་ཉེན་ཁ་ཤ་སྟག་ཅིག་གི་འོག་ threat perception ཞིག་གི་འོག་ལ་བསྡད་དགོས་པ་དེ་ག་རེའི་དབང་གིས་བྱུང་བ་རེད་ཅེ་ན། ཐོག་མ་དེའི་འབྱུང་ཁུངས་ཡག་པོ་མེད་པ་དེའི་དབང་གིས་བྱུང་བསྡད་པ་རེད། དེ་འདྲ་ཡིན་སྟབས་བསམ་སྤྱོད་ཀྱི་རང་དབང་དང་འཚོ་བའི་རང་དབང་ཡག་པོ་ཞིག་ཡོད་ན། སྲུང་སྐྱོབ་དེ་འཚེ་བ་ལ་བརྟེན་དགོས་པ་ནམ་ཡང་ཆགས་ཀྱི་མེད། རང་གིས་རང་ཉིད་སྲུང་སྐྱོབ་བྱེད་ཐུབ་པ་ཞིག་ཡོང་རྒྱུ་ཡོད་སྟབས་དེ་ལྟ་བུའི་སྲུང་སྐྱོབ་ཀྱི་རང་དབང་དེ་ཡང་ཤེས་ཡོན་གྱི་དམིགས་ཡུལ་ལ་ངེས་པར་དུ་འཁྱེར་དགོས་པ་ཞིག་ཆགས་ཡོད། རང་དབང་ཡོད་པའི་མི་ཞིག་ཡིན་ནའང་མི་ཟེར་བ་དེ་སྤྱི་ཚོགས་ཀྱི་སྲོག་ཆགས་ཤིག་རེད་མ་གཏོགས་བསེ་རུ་ལྟ་བུ་གཅིག་པུར་བསྡད་ནས་མི་ཚེ་སྐྱེལ་བའི་སྲོག་ཆགས་ཤིག་མ་རེད། སྤྱི་ཚོགས་ཀྱི་སྲོག་ཆགས་ཡིན་པའི་རྒྱུ་མཚན་གྱིས་ངེས་པར་དུ་རང་ལས་གཞན་གཙོ་ཆེ་བ་བྱེད་དགོས་པ་དེ་སྤྱི་ཚོགས་ཀྱི་སྲོག་ཆགས་ཡིན་པའི་རང་བཞིན་དང་པོ་འདྲ་པོ་དེ་རེད། རང་ལས་གཞན་གཙོ་ཆེ་བ་མ་བྱས་ན་ག་དུས་ཡིན་ནའང་fraternity ཟེར་བ་དེ་ཡོང་རྒྱུ་མེད་ལ། ཆིག་སྒྲིལ་དང་མཐུན་ལམ་ཟེར་བ་དེ་ཡང་ཡོང་རྒྱུ་མེད། རང་གཙོ་ཆེ་བ་བྱས་ན་གཞན་ཡལ་བར་འདོར་དགོས། གཞན་ཡལ་བར་དོར་བའི་རྗེས་སུ་གཞན་ལ་ང་ཚོས་རེ་བ་བརྒྱབ་རྒྱུ་བསྡད་མེད། ང་ཚོས་གཞན་ལ་རེ་བ་བརྒྱབ་ཆོག་པ་དེ་ག་དུས་ཆགས་ཀྱི་རེད་ཅེ་ན། ཉུང་མཐའ་ལ་རང་གཞན་མཉམ་པའམ་བྱུང་ན་རང་ལས་གཞན་གཙོ་ཆེ་བ་བྱ་དགོས། དེ་མ་བྱུང་ནའང་རང་དང་མཉམ་པ་ཞིག་མ་བྱུང་ན། སྤྱི་ཚོགས་ཀྱི་འཚོ་བ་དེ་ཞི་མཐུན་མཉམ་གནས་ཀྱི་ཐོག་ནས་སྐྱེལ་མི་ཐུབ་པ་ཞིག་ཆགས་ཀྱི་ཡོད་པས་བསམ་སྤྱོད་ཀྱི་རང་དབང་ཡོད་ན། གཞན་ཕན་དེ་རང་བཞིན་གྱིས་ཡོང་ཐུབ་པ་ཞིག་རེད། ཡིན་ནའང་དེ་དམིགས་ཀྱིས་བཀར་ནས་ཟུར་དུ་བཏོན་པ་རེད། རང་དབང་དང་གཞན་ཕན་གྱི་བསམ་ཚུལ་ཡོད་པ་ཡིན་ནའང་རྒྱུན་འཛིན་གྱི་བསམ་ཚུལ་ཞིག་མེད་པ་ཡིན་ན། ད་དུང་མི་དེ་མི་ཚད་ལྡན་ཞིག་ཆགས་ཀྱི་མེད། རྒྱུན་འཛིན་གྱི་བསམ་ཚུལ་ཟེར་བ་དེ་རིག་གནས་ཡིན་ནའང་འདྲ། དཔལ་འབྱོར་གྱི་ཐོན་ཁུངས་ཡིན་ནའང་འདྲ། ཕྱི་ནང་གི་དངོས་པོ་གང་འདྲ་ཞིག་ཡིན་ནའང་དེ་འབྱུང་འགྱུར་གྱི་མི་རབས་ཀྱི་སྐལ་བ་དེའི་ནང་ལ་ཡོད་རེད། སོ་སོ་རང་ལ་ལག་རྩལ་ཞིག་གམ་རིག་གནས་ཤིག་ཤེས་ཀྱི་ཡོད་ན། མི་དེའི་རིག་གནས་དེ་རང་གི་མི་ཚེའི་ནང་ལ་གསར་པ་བཟོས་པའི་རིག་གནས་ཤིག་ཆགས་ཀྱི་མེད། མི་རབས་ནས་མི་རབས་བརྒྱུད་དེ་ཡོང་བའི་རིག་གནས་ཤིག་རེད། དེར་བརྟེན་རང་རང་སོ་སོར་འགན་ག་རེ་ཡོད་ཅེ་ན། རིག་གནས་དེ་བྱུང་བ་ནས་བཟུང་སྟེ་སོ་སོར་གཅིག་ནས་གཅིག་ལ་རྩིས་སྤྲད་དེ་ཡོང་བ་ནང་བཞིན། སོ་སོས་ཀྱང་རིག་གནས་དེ་གཞན་ལ་རྩིས་སྤྲོད་བྱེད་མ་ཐུབ་པར་རིག་གནས་དང་ལག་རྩལ་གང་འདྲ་ཞིག་ཡིན་ནའང་སོ་སོ་ཤི་བའི་སྐབས་སུ་སོ་སོའི་མཉམ་དུ་རྫོགས་པ་ཡིན་ན་རིག་གནས་དེ་ཤེས་པའི་གོ་མ་ཆོད་པ་རེད་ལ། ལྷག་པར་དུ་དེ་ཤེས་སའི་མི་ཚང་མའི་བཀའ་དྲིན་ལོག་འཇལ་འདྲ་པོ་ཆགས་པ་རེད། རང་བཞིན་ཐོན་སྐྱེད་ཅིག་ཡིན་ནའང་། ཡོང་རྒྱུ་བསྡད་པའི་མི་རབས་ཚང་མའི་ཐོབ་ཐང་དང་སྐལ་བ་ཚང་མ་དེའི་ནང་ལ་ཡོད་པ་མ་གཏོགས་ང་ཚོའི་མི་ཚེའི་ནང་ལ་བེད་སྤྱོད་བཏང་ནས་རྫོགས་བཅུག་བཞག་ན། ད་ལྟའི་དཔལ་འབྱོར་ལམ་ལུགས་དེའི་ནང་ལ་མི་ཚོས་ག་རེ་བཤད་ཀྱི་ཡོད་རེད་ཅེ་ན། འབྱུང་འགྱུར་གྱི་བསམ་བློ་ཁྱོན་ནས་མ་བཏང་བར་ད་ལྟ་ག་ཚོད་ཡོད་པ་དེ་དག་སའི་འོག་ལ་ཡོད་པ་ཡིན་ནའང་འདྲ། སའི་སྟེང་ལ་ཡོད་པ་ཡིན་ནའང་འདྲ། ཆུའི་ནང་ལ་ཡོད་པ་ཡིན་ནའང་འདྲ། ག་པར་ཡོད་ནའང་ཚང་མ་བསྔོགས་ནས་རྩ་མེད་གཏོང་རྒྱུའི་བསམ་ཚུལ་མ་གཏོགས། ང་ཚོ་ཤི་བའི་རྗེས་ཀྱི་མི་ཚོ་ལ་དགོས་ཀྱི་རེད་བསམ་པའི་བསམ་ཚུལ་ཁྱོན་ནས་མེད་པ་དེ་རྒྱུན་འཛིན་གྱི་བསམ་པ་མེད་པ་དེ་རེད། ཡང་དག་པའི་སྲོལ་རྒྱུན་དང་། ཡང་དག་པའི་ཐོན་ཁུངས་གང་འདྲ་ཞིག་ཡིན་ནའང་དེ་རང་གིས་བེད་སྤྱོད་བྱས་པ་དང་ཆབས་ཅིག་ཏུ་མ་བརླག་པར་རྒྱུན་འཛིན་བྱེད་རྒྱུའི་བསམ་ཚུལ་ཡོད་དགོས་པ་དེ་གལ་ཆེན་པོ་རེད། དེ་དང་ཆབས་ཅིག་ཏུ་འགྲོ་བ་མིའི་དམིགས་བསལ་གྱི་ཁྱད་ཆོས་གཞན་གཅིག་ག་རེ་ཡོད་རེད་ཅེ་ན། ག་དུས་ཡིན་ནའང་རིག་པའི་གནས་ཡར་རྒྱས་གཏོང་རྒྱུ་དང་། རིག་པའི་གནས་གསར་བཏོད་བྱེད་རྒྱུ་དེ་མིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད། ད་ལྟ་ཕན་ཆད་ལ་རིག་པའི་གནས་རྣམ་གྲངས་མང་པོ་ཞེ་པོ་ཞིག་བྱུང་བ་དེ་དག་གང་འདྲ་བྱས་ནས་བྱུང་བ་རེད་ཅེ་ན། རིམ་པས་གསར་བཏོད་ཀྱི་རྣམ་པ་ལ་བརྟེན་ནས་བྱུང་བ་རེད། ཡར་རྒྱས་ཆ་ཚང་ཕྱིན་ཟིན་པའི་རིག་གནས་ཤིག་ཡིན་ནའང་དེའི་ཐོག་ལ་གསར་བཏོད་རྣམ་པ་ཡོང་རྒྱུ་ཡོད། སྒྱུ་རྩལ་ཞིག་ཡིན་པ་ནའང་འདྲ། བཟོ་སྐྲུན་ཞིག་ཡིན་པ་ཡིན་ནའང་འདྲ། བཟོ་ཡི་གནས་ཤིག་ཡིན་ནའང་འདྲ། ཚང་མའི་ནང་ལ་དུས་ནས་དུས་སུ་གསར་བཏོད་ཀྱི་རྣམ་པ་ཞིག་མེད་ན། གསར་བཏོད་ཀྱི་རྣམ་པ་མེད་པ་དེ་རྒྱུན་འཛིན་གྱི་འགལ་ཟླར་འགྲོ་སྲིད། རྒྱུན་འཛིན་ཞེས་པ་དེ་གཅིག་པ་གཅིག་རྐྱང་རང་ནག་པོ་འགྲོ་ཤེས་བྱས་ནས་འགྲོ་རྒྱུ་རྐྱང་རྐྱང་ལ་རྒྱུན་འཛིན་ཟེར་མེད། རྒྱུན་འཛིན་དེ་འགྱུར་བ་དང་ཡར་རྒྱས་ཀྱི་འགྲོས་དང་མཉམ་དུ་ཕྱིན་ན་རྒྱུན་འཛིན་དེ་ཧ་ཅང་ཡག་པོ་ཞིག་ཡོང་གི་རེད། དུས་ནས་དུས་སུ་ཐབས་ལམ་མི་འདྲ་བ་དང་གནས་ཚུལ་མི་འདྲ་བ་བཟོ་དགོས་པའི་གནས་སྟངས་དེ་དེ་རིང་སང་ཉིན་ང་ཚོར་གསར་པ་བྱུང་བ་ཞིག་མ་རེད། གནའ་སྔ་མོ་ནས་དེའི་དགོས་མཁོ་ཡོད་པ་དེ་ཚང་མས་མཁྱེན་གྱི་ཡོད། འདྲེན་པ་མཆོག་དེས་དཀའ་བ་དཔག་མེད་ཀྱིས། །ནན་ཏན་སྙིང་པོར་མཛད་ནས་བསྒྲུབས་པ་འདི། །ཐབས་གང་ཞིག་གིས་འཕེལ་བར་འགྱུར་སྙམ་པའི། །རྣམ་པར་དཔྱོད་པས་ཉིན་མཚན་འདའ་བར་ཤོག །ཅེས་གསུངས་དགོས་པ་དེ་ག་རེ་བྱས་པ་རེད། སངས་རྒྱས་ཀྱི་བསྟན་པ་མཇལ་བའི་ཐབས་འདྲ་པོ་ཞིག་ཡིན་ནའང་སངས་རྒྱས་རང་གིས་གསུངས་པའི་ཐབས་དེ་ག་རང་ལ་ད་ལྟའང་བསྡད་ན། ཐབས་གཞན་པ་ག་རེ་ཡོད་ན་བསམས་པའི་བསམ་བློ་གཏང་དགོས་པ་དང་དེའི་རྣམ་པར་དཔྱོད་པས་ཉིན་མཚན་འདའ་དགོས་པ་མི་འདུག་མོད། དེའི་རྣམ་པར་དཔྱོད་པས་ཉིན་མཚན་འདའ་དགོས་པ་དེ་ག་རེ་བྱས་ནས་རེད་ཅེ་ན། དུས་ནས་དུས་སུ་བསྟན་པ་འཕེལ་བའི་ཐབས་དང་འཛིན་པའི་ཐབས་དེའང་དུས་དང་མཐུན་པའི་གསར་བཏོད་ཀྱི་རྣམ་པ་ཞིག་མ་བྱུང་ན་ལྡེང་གི་མེད་པས། གསར་བཏོད་གང་འདྲ་ཞིག་བྱེད་དགོས་ཀྱི་འདུག་དེར་བསམ་བློ་བཏང་ནས་ཉིན་མཚན་འདའ་དགོས་པ་རེད། ཉིན་མོའི་གུང་ལ་བསམ་བློ་གཏོང་བ་དང་། དགོང་མོ་ཡིན་ནའང་བསམ་བློ་གཏང་དགོས། ཐབས་གསར་པ་ག་རེ་འདུག་བལྟ་དགོས་པ་གལ་ཆེན་པོ་རེད། དེ་འགྲོ་བ་མིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད། དེར་བརྟེན་རང་དབང་དང་། གཞན་ཕན། རྒྱུན་འཛིན། གསར་བཏོད་ཀྱི་ནུས་པ་བཞི་པོ་དེ་ཆ་ཚང་བ་ཞིག་སློབ་སྦྱོང་ཐོན་པའི་མི་གཅིག་གི་གཤིས་རྒྱུད་ལ་འཇགས་ན། སློབ་སྦྱོང་སྤྲད་པའི་དམིགས་ཡུལ་དེ་ཚང་ཡོད་སྟབས་ཐོག་མར་སློབ་ཚན་འཆར་གཞི་སྒྲིག་པའི་སྐབས་དང་། འཛིན་གྲྭའི་ནང་ལ་སློབ་ཁྲིད་བྱེད་པའི་སྐབས། ཕྲུ་གུ་གསོ་སྐྱོང་བྱེད་པའི་སྐབས་ནས་ཕ་མའི་ལས་འགན་གྱི་ནང་ནས་དེའི་དམིགས་ཡུལ་བཞི་པོ་དེ་གསལ་པོ་ཞིག་ཡོད་ན། ཏན་ཏན་ཤེས་ཡོན་གྱི་དགོས་པ་ཡོད་པ་ཞིག་ཆགས་ཀྱི་རེད་བསམ་གྱི་འདུག དེ་མེད་པར་ཤེས་ཡོན་ཐོན་པའི་མི་ཞིག་ལ་བཟང་སྤྱོད་དང་ཡ་རབས་བྱེད་སྟངས་དེ་ཟུར་དུ་བསླབས་དགོས་ན། ཟུར་དུ་བསླབས་པ་དེ་ཕྱི་ལོགས་ནས་གོས་གཡོགས་པའི་བཟོ་འདྲ་པོ་ཞིག་མ་གཏོགས་མི་དེའི་རང་བྱུང་གི་ཁམས་དང་འདྲེས་པ་ཞིག་ཡོང་ཁག་པོ་རེད། མི་དེའི་རང་བྱུང་གི་གཤིས་དང་འདྲེས་པའི་བཟང་སྤྱོད་ཅིག་ག་ནས་ཡོང་དགོས་ཤེ་ན། རང་དབང་དང་གཞན་ཕན་གྱི་བསམ་ཚུལ་ཐོག་ནས་ཡོང་དགོས། རང་དབང་དང་གཞན་ཕན་གྱི་བསམ་ཚུལ་ཡོད་ན་བཟང་སྤྱོད་ཟུར་དུ་བསླབ་མི་དགོས་པས། དེ་འདྲའི་དམིགས་ཡུལ་བཞི་པོ་དེ་བསྒྲུབ་པའི་ཆེད་དུ། དགེ་རྒན་ཚོས་ཐབས་ལམ་ག་རེ་བསྟེན་དགོས་རེད་ཅེ་ན། སྲོལ་རྒྱུན་ནང་དུ་ཐབས་ལམ་མང་པོ་གསུངས་ཡོད། དེའི་ནང་ནས་གལ་ཆེ་ཤོས་དེ་བསྡུ་བའི་དངོས་པོ་བཞིའི་ནང་ནས་དོན་མཐུན་པ་དང་། དོན་སྤྱོད་པ་ཞེས་པ་དེ་གཉིས་གལ་ཆེ་ཤོས་ཆགས་ཡོད། ཕྲུ་གུ་ལ་རང་དབང་ཡོད་པའི་སློབ་སྦྱོང་ཞིག་སྤྲོད་དགོས་ན། དགེ་རྒན་རང་ཉིད་ཀྱི་བསམ་བློའི་རང་དབང་ཡོད་པ་ཞིག་དགོས། ཕྲུ་གུ་ལ་གཞན་ཕན་གྱི་ནུས་པ་སྤྲད་དགོས་ན་དགེ་རྒན་རང་ཉིད་རང་ལས་གཞན་གཙོ་ཆེ་བ་ལྷག་བསམ་རྣམ་དག་གི་ཐོག་ནས་བྱེད་མཁན་ཞིག་དགོས། དེ་ནང་བཞིན་སྲུང་སྐྱོབ་དང་དམིགས་ཡུལ་གཞན་དག་ཚང་མ་ལ་དགེ་རྒན་རང་གི་མི་ཚེའི་ནང་ལ་དམིགས་ཡུལ་དེ་དག་བསྒྲུབས་མེད་པར་སློབ་ཕྲུག་ལ་དེ་དགོས་ཀྱི་རེད་ལབ་ན་ཨམ་མཆོག་ལ་འགྲོ་བའི་སྐད་ཆ་ཞིག་ཆགས་ཀྱི་མེད་སྟབས། དོན་མཐུན་པ་དང་དོན་སྤྱོད་པ་ཞེས་གསུངས་པའི་གང་གཞན་ལ་བརྡ་སྤྲོད་བྱ་རྒྱུ་དེ་རང་གི་ཉམས་ལེན་ལ་ཡོད་པ་དང་། གང་གཞན་ལ་བརྡ་སྤྲོད་པ་དེ་དང་མཐུན་པ་རང་གི་མི་ཚེ་སྐྱེལ་སྟངས་ལ་ཡོད་པ་དེ་འདྲ་ཞིག་མ་བྱུང་བ་དང་། ཡོན་ཏན་དེ་དགེ་རྒན་གྱི་སེམས་རྒྱུད་ལ་མ་འཇགས་ན། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །ཅེས་གསུངས་པ་ལྟར་ཡོན་ཏན་ལྷག་སྟངས་དེ། རང་ཉིད་གང་གཙོ་འདོན་བྱེད་པའི་ཡོན་ཏན་དེའི་ནང་ལ་སྨིན་པ་ཞིག་མ་བྱུང་ན། གཞན་ལ་བུམ་པ་སྟོང་པ་ནས་བུམ་པ་གཞན་པ་ཞིག་གི་ནང་ལ་བླུག་རྒྱུ་ལྷག་གི་མེད་པ་ལྟ་བུ་ཆགས་ཀྱི་རེད། དེར་བརྟེན་སྐབས་དོན་དོན་མཐུན་པ་དང་དོན་སྤྱོད་པའི་གནས་སྟངས་དེ་ཆ་ཤས་ལེན་རྒྱུ་དང་། རྒྱུན་དུ་སློབ་ཕྲུག་དང་འདྲེས་གཤིབ་གནང་བའི་སྐབས་ལ་ཐོག་མར་སློབ་ཕྲུག་གི་སེམས་ཀྱི་ཞུམ་པ་མེད་པ་བཟོ་རྒྱུ་སྟེ། སེམས་མི་འགོང་བ་ཉིད་དང་ནི། །ཞེས་པ་ལྟར་དང་། དེའི་རྗེས་ལ་སློབ་ཚན་གང་ཡིན་པ་དེ་བསླབ་རྒྱུ་སྟེ། ངོ་བོ་ཉིད་མེད་སོགས་སྟོན་བྱེད། །ཅེས་པ་དང་། བསླབས་པའི་རྗེས་ལ་དགེ་ཕྲུག་དེའི་སེམས་ལ་དོགས་པ་དང་དཀའ་ངལ་ཡོད་ན། དེ་ཚོ་འཛིན་གྲྭའི་ནང་ལ་སློབ་ཚན་བསླབས་པ་ཙམ་གྱིས་འཐུས་པ་མ་གཟིགས་པར་ག་དུས་ཡིན་ནའང་དེ་འཛིན་སྐྱོང་གི་དཀའ་ངལ་ཟེར་བ་དེའི་མི་མཐུན་ཕྱོགས་དགོས་རེད། དེ་གསུམ་པོ་དེ་ཆ་ཚང་ཞིག་གནང་ཐུབ་ན། རྣམ་པ་ཀུན་ཏུ་ཡོངས་འཛིན་ཉིད། །ཅེས་དགེ་རྒན་གྱི་མཚན་ཉིད་ཚང་བ་ཞིག་དེ་དུས་ཆགས་ཐུབ་པའི་རེ་བ་ཡོད་པ་ཞིག་རེད། ད་དུས་ཚོད་རེའུ་མིག་གསུངས་པ་བཞིན་བྱས་པ་ཡིན་ན་དུས་ཚོད་ཕྲན་བུ་བརྒལ་བ་འདྲ་པོ་ཆགས་སོང་ཡང་། ངས་སློབ་སྦྱོང་གི་དམིགས་ཡུལ་བཞི་ཡི་རྣམ་གཞག་དང་། དམིགས་ཡུལ་བཞི་པོ་དེ་འགྲུབ་པའི་ཤེས་ཡོན་སློབ་སྦྱོང་ཞིག་སྤྲད་རྒྱུའི་དོན་དག་ལ། དོན་མཐུན་པ་དང་། དོན་སྤྱོད་པ། སེམས་མི་འགོང་བ་དང་། སློབ་ཚན་སྤྲོད་རྒྱུ། དེའི་རྒྱབ་ལྗོངས་ཀྱི་མི་མཐུན་ཕྱོགས་བོར་རྒྱུ་བཅས་དོན་ཚན་ལྔ་པོ་དེ་དགེ་རྒན་ཚོས་ཆ་ཚང་ཕྱག་ལེན་དུ་བསྟར་ན། ཏན་ཏན་ང་ཚོས་ཤེས་ཡོན་སྲིད་བྱུས་ནང་ལ་དམིགས་ཡུལ་བཞག་པ་ནང་བཞིན་འགྲུབ་ཐུབ་པའི་གནས་བབ་ཡོད་པ་མ་ཟད། རེ་བའང་བསྐྱོན་ཆོག་གི་རེད་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།
རིན་པོ་ཆེ་མཆོག་ལ་དྲི་བ་དྲིས་ལན།

དྲི་བ། ༡
ཤེས་ཡོན་སྲིད་བྱུས་གསར་པའི་དམིགས་ཡུལ་ནང་གསར་བཏོད་ཅེས་གལ་ཆེར་བཟུང་ཡོད་ཅིང་། སློབ་མའི་བསམ་བློའི་རང་དབང་དང་འཚོ་གནས་ཀྱི་རང་དབང་ལོངས་སུ་སྤྱོད་པར་ཡང་གསར་བཏོད་ནི་མེད་དུ་མི་རུང་བ་ཞིག་ཡིན་སྟབས། གསར་བཏོད་ཀྱི་ལྟ་གྲུབ་ལག་ལེན་བསྟར་རྒྱུ་ནི་གལ་འགངས་ཧ་ཅང་ཆེ། འོན་ཀྱང་དེ་འདྲའི་གསར་བཏོད་ཀྱི་ལྟ་གྲུབ་ཅིག་སྤྱི་ཚོགས་ནང་ལག་བསྟར་བྱེད་སྐབས་འགོག་རྐྱེན་མི་ཉུང་བ་ཞིག་འཕྲད་ཀྱིན་ཡོད་པས། རང་དབང་དང་གསར་བཏོད་ཀྱི་ལྟ་གྲུབ་ལག་ལེན་བསྟར་སའི་ཁོར་ཡུག་ཅིག་ཇི་ལྟར་བསྐྲུན་དགོས་སམ།

དྲི་བ། ༢
བོད་སློབ་འཛིན་ཚོགས་སློབ་གྲྭ་ཁག་ད་ལྟ་བར་གཞན་དབང་སྟབས་བསྟུན་འོག་གནས་དགོས་སྟབས། སློབ་གྲྭ་དེ་ཚོའི་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་རྒྱུར་འགོག་རྐྱེན་ཆེན་པོ་བྱུང་ཡོད། མ་འོངས་པར་བོད་སློབ་འཛིན་ཚོགས་རྩིས་བླངས་རྗེས་སློབ་གྲྭ་དེ་དག་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཐུབ་མིན་དང་། བོད་ཀྱི་སྐད་ཡིག་གི་ལམ་ནས་ཡིག་རྒྱུགས་གཏོང་ཕྱོགས་སོགས་ཀྱི་ཐད་བཀའ་སློབ་ལམ་སྟོན་ཞིག་གནང་རོགས་ཞུ།

དྲི་བ། ༣
རྒྱ་གར་ནང་ཨིན་ཇིས་བཟོས་པའི་ཤེས་ཡོན་ལམ་སྲོལ་ཡུན་རིང་ལག་བསྟར་བྱས་པའི་དབང་གིས་དེང་སྐབས་དཀའ་ངལ་སྣ་ཚོགས་འཕྲད་བཞིན་ཡོད། རང་རེའི་སློབ་གྲྭ་ཁག་ཏུ་ལམ་སྲོལ་འདི་ལག་བསྟར་བྱེད་ཀྱིན་ཡོད་པས་མ་འོངས་པར་བོད་ཀྱི་སྤྱི་ཚོགས་ལ་ལམ་སྲོལ་འདིས་ཕན་གནོད་གང་འདྲ་འབྱུང་གི་རེད་དམ།
གཉིས་པ། མ་འོངས་པར་བོད་ཀྱི་བདེན་མཐའ་བསལ་མཚམས་སྲིད་འབྱོར་རིག་གསུམ་གྱི་འཛིན་སྐྱོང་སྤེལ་གསུམ་སོགས་བོད་པ་རང་གིས་རང་རྐྱ་འཕེར་བ་བྱ་དགོས་ཀྱི་ཡོད། ད་ལྟའི་ཆར་ང་ཚོས་རིག་གསར་ཤེས་བྱ་རྣམས་ཨིན་ཇིའི་སྐད་ཡིག་ཐོག་ནས་སྦྱོང་གི་ཡོད་ཀྱང་། མ་འོངས་པར་སློབ་ཁྲིད་བརྒྱུད་ལམ་དེ་བོད་ཀྱི་སྐད་ཡིག་གི་བཀོལ་སྤྱོད་ཁོར་ཡུག་ཆེ་རུ་གཏོང་བ་དང་། རང་རྐྱ་འཕེར་བར་བྱེད་པར། རིག་གསར་གྱི་ཤེས་བྱ་རྣམས་བོད་སྐད་ཡིག་ཐོག་དགོས་སམ་མི་དགོས།

དྲི་བ། ༤
ཤེས་ཡོན་སྤྲོད་པའི་དགོས་དམིགས་བཞི་བསྒྲུབ་ཕྱོགས་ཐད། འཛིན་སྐྱོང་ངོས་ནས་ལས་དོན་གང་ཞིག་ཇི་ལྟར་སྤྱད་དེ་བསྒྲུབ་དགོས་སྐོར་བཀའ་སློབ་ལམ་སྟོན་ཞིག་གནང་རོགས་ཞུ།
དྲི་བ་དང་པོ་ནས་བཞི་པ་བར་གྱི་བཀའ་ལན།
དྲི་བ་དང་པོ་དང་གཉིས་པ་གཉིས་ཀ་སྤྱིར་བཏང་འདྲ་པོ་རེད། ད་ལྟའི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་ནང་ལ་གནས་ཚུལ་དེ་ཚོ་ཁག་པོ་ཡོད་པ་དང་། དེ་དག་ཁག་པོ་མེད་པ་བཟོ་རྒྱུའི་ཐབས་ལམ་ག་རེ་ཡོད་ཟེར་བ་དེ་གོང་དུ་ཞུས་ཟིན་པ་དང་འདྲ་པོ་རེད། དེ་ལ་སྒྱུ་མ་མཁན་གྱིས་ཅ་ལག་འདྲ་པོ་ལམ་སང་འགྱུར་བ་གཏོང་རྒྱུའི་ཐབས་ལམ་ཞིག་ང་ལ་བཤད་རྒྱུ་མེད། གང་ལྟར་ཤེས་ཡོན་སྲིད་བྱུས་དེ་ཐབས་ལམ་ཚང་མ་ཡོད་པའི་ལམ་སྟོན་གྱི་སྒྲོམ་གཞི་འདྲ་པོ་ཞིག་ཡིན་པའི་ཁུལ་རེད། དེ་བརྒྱ་ཆ་འགའ་ཤས་ལག་ལེན་ལ་བསྟར་ཐུབ་ན་དེ་བརྩིས་ཀྱི་གྲུབ་འབྲས་བརྒྱ་ཆ་འགའ་ཤས་འཐོན་གྱི་རེད། བརྒྱ་ཆ་བརྒྱ་ཐམ་པ་ལག་ལེན་བསྟར་ན། གྲུབ་འབྲས་དེའང་བརྒྱ་ཆ་བརྒྱ་ཐམ་པ་འཐོན་མདོག་ཁ་པོ་རེད། ལམ་སྲོལ་གང་འདྲ་ཞིག་ཡིན་ཡང་བརྒྱ་ཆ་བརྒྱ་ཐམ་པ་ལག་ལེན་ལ་བསྟར་ཟེར་བ་ཡོང་ཁག་པོ་རེད། བརྒྱ་ཆ་མང་བ་ཞིག་ལག་ལེན་ལ་ཁེལ་ན་གྲུབ་འབྲས་མང་བ་སོན། བརྒྱ་ཆ་ཉུང་བ་ཞིག་ལག་ལེན་ལ་ཁེལ་ན་གྲུབ་འབྲས་ཀྱང་དེ་དེ་བཞིན་གྱི་ཉུང་བ་ཞིག་ཡོང་གི་རེད།
གཞན་དབང་སྟབས་བསྟུན་བྱེད་མི་དགོས་པའི་གནས་བབ་ལ་སླེབས་པའི་སྐབས་ལ། ང་རང་ཚོར་སྲིད་བྱུས་ཤིག་ལག་ལེན་ལ་བསྟར་རྒྱུའི་འདུན་པ་ཡོད་ན། དེའི་གཞི་རྩ་འདྲ་པོ་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་ཤིག་ཡོད། དེ་ལག་ལེན་བསྟར་བར་གཞན་དབང་སྟབས་བསྟུན་བྱེད་མི་དགོས་པའི་སྐབས་ལ་ག་ཚོད་ཙམ་བསྟར་ཐུབ་ཀྱི་རེད། གཞན་དབང་སྟབས་བསྟུན་བྱེད་མ་དགོས་པ་ཙམ་གྱིས་བརྒྱ་ཆ་བརྒྱ་ཐམ་པ་བསྟར་ཆོག་ཆོག་ཅིག་ཆགས་ཀྱི་རེད་ལབ་ན། དེ་ཕྱོགས་མང་པོ་ཞིག་ལ་བལྟ་དགོས། ཤེས་ཡོན་སྲིད་བྱུས་ལག་ལེན་ལ་བསྟར་ཐུབ་དང་མི་ཐུབ་ཟེར་བ་དེ་འཛིན་སྐྱོང་ལ་རག་ལས་ཉུང་བ་རེད། དེ་རག་ལས་ས་གཙོ་ཆེ་བ་དེ་དགེ་རྒན་དང་། ཕ་མ། སློབ་ཕྲུག་གསུམ་ལ་རག་ལས། དགེ་རྒན་གྱི་མངོན་འདོད་དང་སློབ་ཕྲུག་གི་མངོན་འདོད་ཆ་མཉམ་པ་ཞིག་བྱུང་ན། ཕ་མའི་མངོན་འདོད་མ་མཚུངས་པ་ཡིན་ནའང་ཉེན་ཁ་ཆུང་བ་རེད། ཕ་མ་དང་དགེ་ཕྲུག་གཉིས་ཀྱི་མངོན་འདོད་དེ་གཅིག་པ་དང་། དེའི་ཁ་གཏད་དགེ་རྒན་གཅིག་པུས་གཅག་དགོས་བྱུང་ན་དཀའ་ལས་ཁག་པོ་ཡོད། དགེ་རྒན་དང་སློབ་ཕྲུག་གཉིས་ཕྱོགས་གཅིག་ཏུ་ཆགས་ན། ཕ་མར་ཁ་གཏད་གཅོག་པའི་སྐབས་ལ་དགེ་རྒན་དང་སློབ་ཕྲུག་མཉམ་རུབ་ཀྱི་ཐོག་ནས་བཅག་ན་སྟབས་བདེ་པོ་ཡོད། དགེ་རྒན་ཕ་མ་སློབ་ཕྲུག་གསུམ་གྱི་ནང་ནས་དགེ་རྒན་གལ་ཆེན་པོ་རེད། དགེ་རྒན་ཚད་ལྡན་ཞིག་གམ། ལྷག་པར་དུ་ཤེས་ཡོན་སྲིད་བྱུས་འདི་ལྟ་བུ་ཞིག་ལག་ལེན་བསྟར་བར་འོས་ཆོས་ཆ་ཚང་ཚང་བའི་དགེ་རྒན་འདང་ངེས་བཞིན་པ་ཞིག་བྱུང་བའི་ཉིན་མོ་དེར་དགེ་རྒན་གྱིས་སློབ་ཕྲུག་གི་ཁ་ལོ་བསྒྱུར་ཐུབ། དགེ་རྒན་གྱིས་སློབ་ཕྲུག་གི་ཁ་ལོ་བསྒྱུར་ཐུབ་ན་ཕྲུ་གུས་ཕ་མའི་ཁ་ལོ་བསྒྱུར་ཐུབ་ཀྱི་རེད་བསམ། ད་ལྟའི་གནས་བབ་ལ་དགེ་རྒན་ཚོས་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་རྒྱུའི་འདུན་པ་ཡོད་ནའང་། འདུན་པ་དེ་དང་མཐུན་པ་ཞིག་སློབ་ཕྲུག་གིས་མི་འགྲོ་བ་དེ་སློབ་ཕྲུག་ཚོའི་ནང་གི་ཁོར་ཡུག་དང་ཕ་མས་ལམ་སྟོན་བྱེད་སྟངས་ཀྱི་ཐོག་ནས་འགོག་རྐྱེན་འཕྲད་བསྡད་པ་མང་པོ་ཡོད། འཛིན་སྐྱོང་གི་བྱེད་སྟངས་འགྲིག་མ་འགྲིག་ཟེར་བ་དེ་དགེ་རྒན་ཕ་མ་སློབ་ཕྲུག་གསུམ་དེ་འདུན་པ་གཅིག་གྱུར་ཞིག་བྱུང་ན། མང་གཙོའི་སྤྱི་ཚོགས་ནང་ལ་འཛིན་སྐྱོང་དེའི་མཉམ་དུ་འགྲོ་དགོས་པའི་གནས་སྟངས་ཤིག་ཆགས་པ་མ་གཏོགས་འཛིན་སྐྱོང་གིས་ཕྱིར་འཐེན་རྒྱག་པ་དང་འགོག་རྐྱེན་བྱེད་རྒྱུའི་གནས་སྟངས་ཞེ་དྲག་ཡོང་གི་མ་རེད་བསམ།
དེར་བརྟེན། དྲི་བ་དང་པོ་དང་གཉིས་པ་གཉིས་ཀྱི་ལན་ཕྱོགས་བསྡོམས་ལྟ་བུ་ཞུས་ན། ཡང་དག་པའི་ཤེས་ཡོན་ཞིག་ཡོང་བ་ལ་ཤེས་ཡོན་སྲིད་བྱུས་བཟང་པོ་ཞིག་ལག་ལེན་ལ་བསྟར་དགོས་ཀྱི་ཡོད། དེ་ལག་ལེན་ལ་བསྟར་རྒྱུའི་ལག་ཆ་དང་པོ་དེ་དགེ་རྒན་རེད། དགེ་རྒན་གྱིས་སྲིད་བྱུས་མཁྱེན་པ་དང་སྲིད་བྱུས་ལ་ཡིད་ཆེས་ཡོད་པ། དེ་བཞིན་སྲིད་བྱུས་ལག་ལེན་ལ་བསྟར་རྒྱུའི་ནུས་པ་ཡོད་པ་ཞིག་བྱུང་བ་ཡིན་ན། དགེ་རྒན་གྱིས་སློབ་ཕྲུག་དང་ཕ་མ་གཉིས་ཀྱི་ཁ་ལོ་བསྒྱུར་ཐུབ། དེ་ནས་གལ་ཆེ་ཤོས་གཉིས་པ་དེ་སློབ་ཕྲུག་རེད། སློབ་ཕྲུག་དེ་ལམ་གང་འདྲ་ཞིག་ལ་འཁྲིད་མ་འཁྲིད་དེ་དགེ་རྒན་དང་ཕ་མ་གཉིས་ལ་རག་ལས་པ་རེད། སྐབས་རེ་སྐབས་རེ་དགེ་རྒན་གྱི་ནུས་པས་མ་ལྡེང་བ་ལ་བརྟེན་ནས་ཕ་མའི་ནུས་པ་ཤུགས་ཆེ་རུ་འགྲོ་བ་དེ་འདྲ་མཐོང་བསྡད་ཀྱི་ཡོད། ཡིན་ནའང་དགེ་རྒན་ཚད་དང་ལྡན་པ་ཞིག་བྱུང་ན། ཕྲུ་གུ་དང་ཕ་མ་གཉིས་ཀའི་ཁ་ལོ་བསྒྱུར་ཐུབ་སྙམ། ཀྲིཥྞ་མུརྟིའི་སློབ་གྲྭ་ཁག་གི་ནང་ལ་དགེ་རྒན་ཕ་མ་གཉིས་པོ་ཟླ་བ་གཅིག་གི་ནང་ལ་ཕྲུ་གུ་དང་མཉམ་དུའམ་ཕྲུ་གུ་མེད་པའི་ཐོག་ཐེངས་གཅིག་རེ་ཚོགས་འདུ་འཚོགས་ཐུབ་པ་དེ་ངེས་ཅན་འདྲ་པོ་བྱེད་ཀྱི་ཡོད། ང་ཚོའི་སློབ་གྲྭ་ཁག་གི་ནང་དུ་དགེ་རྒན་དང་ཕ་མའི་ཚོགས་འདུ་ཟླ་བ་རྟག་པར་ཡོད་རེད། ཟླ་བ་རྟག་པར་འཚོག་དགོས་དུས་སྐབས་ལ་ཟླ་བ་གཅིག་གི་ནང་དུ་འཛིན་གྲྭའི་ནང་ལ་ཡོད་པའི་ཕྲུ་གུ་ཡོངས་རྫོགས་ཀྱི་ཕ་མ་ཚོ་དགེ་རྒན་ལྷན་དུ་ཐེངས་རེར་འཚོགས་ནས་གོ་སྡུར་བྱེད་རྒྱུ་དང་། ཡང་ཕྲུ་གུ་མེད་པར་དགེ་རྒན་ཕ་མ་རྐྱང་པའི་ཐོག་ནས་གོ་སྡུར་བྱེད་རྒྱུ་ཐེངས་རེ་རེ་ཡོང་གི་ཡོད། དེའི་ཐོག་ནས་དཀའ་ངལ་མང་པོ་སེལ་ཐུབ་པ་དང་། གནས་ཚུལ་མང་པོ་ཡར་རྒྱས་འགྲོ་ཐུབ་པ་ཡོང་བསྡད་པ་དེ་ང་རང་གི་ཉམས་མྱོང་གི་ཐོག་ནས་མཐོང་སོང་།
དྲི་བ་གསུམ་པ་དེ་རྒྱ་གར་ཤེས་ཡོན་ལམ་སྲོལ་དེས་མ་འོངས་པར་བོད་པ་ལ་ཕན་གནོད་ག་རེ་འབྱུང་གི་རེད་ཟེར་བ་དང་། སློབ་སྦྱོང་གི་བརྒྱུད་ལམ་དེ་རང་སྐད་ནས་བྱེད་དགོས་པ་དེ་གལ་ཆེན་པོ་རེད་དམ། ཞེས་བཀའ་འདྲི་གནང་བ་རེད། རྒྱ་གར་གྱི་ཤེས་ཡོན་ལམ་སྲོལ་གྱིས་རྒྱ་གར་ཁོ་རང་ཚོ་ལ་དྲི་བ་གནང་མཁན་གྱིས་འགྲེལ་བརྗོད་གནང་བ་ནང་བཞིན་ཕན་གནོད་གང་བྱུང་ཡོད་མེད་དེ་ཧ་ཅང་གསལ་པོ་རེད། དེ་བཞིན་བོད་པ་ལའང་ཕན་གནོད་གང་བྱུང་ཡོད་མེད་ད་ལྟ་ཕན་ཆད་ཀྱི་ལོ་ལྔ་བཅུ་ང་གྲངས་ཤིག་གི་རིང་ལ་རྒྱ་གར་ཤེས་ཡོན་ལམ་སྲོལ་གྱི་སྒྲོམ་གཞིའི་ནང་དུ་སློབ་སྦྱོང་སྤྲད་ནས་ཕྱིན་སྟབས། དེའི་ཡག་ཉེས་གང་བྱུང་བ་དེ་ང་རང་ཚོའི་མདུན་ལ་ཡོད། རྒྱ་གར་ལ་སྐྱོན་བྱུང་བ་ནང་བཞིན་བོད་པ་ལ་སྐྱོན་བརྒྱབས་ཐུབ་པ་རང་ཕལ་ཆེར་བྱུང་མེད་སྙམ། དེ་ང་ཚོ་གནས་ཚུལ་གཞན་དག་གི་ཐོག་ནས་བསྐྱབས་པ་རེད། རྒྱ་གར་ཆབ་སྲིད་ཀྱི་རང་བཙན་ཐོབ་པའི་དུས་ཚོད་དང་དེའི་ཁོར་ཡུག་དེ་བློ་ཁ་ཁེངས་པ་ཞིག་མ་བྱུང་བ་རེད། བདག་ཉིད་ཆེན་པོ་གཱནྡྷཱིས་རང་སྐྱོང་གི་གནས་བབ་གང་འདྲ་ཞིག་དགོངས་པ་བཞེས་པ་དེའི་བརྒྱ་ཆ་ཉུང་ཤས་ཤིག་རྒྱ་གར་ཆབ་སྲིད་ཀྱི་རང་བཙན་ནང་ལ་རག་མེད། ལྷག་པར་དུ་གཱནྡྷཱིས་དགོངས་པ་བཞེས་པའི་ཤེས་ཡོན་གསར་པའི་ལམ་སྲོལ་ནབ་ཏཱ་ལཱིམ་ཞེས་པ་དེ་གཱནྡྷཱི་ཁོ་རང་གིས་རྒྱ་གར་གྱི་མི་རིགས་ལ་ཕུལ་བའི་ལེགས་སྐྱེས་མཐའ་མ་དང་ཡག་ཤོས་དེ་ཡིན་གསུངས་ཡོད། ཡིན་ནའང་དེ་རྒྱ་གར་གྱིས་གང་དུ་འང་ལག་ལེན་མ་བསྟར་བ་རེད། རྒྱ་གར་ཆབ་སྲིད་ཀྱི་རང་བཙན་ཐོབ་ནས་འདས་པའི་ལོ་དྲུག་ཅུ་རེ་གྲངས་ཤིག་གི་རིང་ལ་འགྱུར་བ་གཅིག་ཀྱང་མ་ཕྱིན་པ་དེ་ཤེས་ཡོན་ལམ་སྲོལ་དེ་རེད་ལབ་ན་ཕལ་ཆེར་འགྲིག་གི་ཡོད། རཱ་དྷཱ་ཀྲིཥྞན་ཚོགས་ཆུང་ནས་མར་བརྩིས་ཏེ་ཨཱ་ཙཱརྱ་རཱ་མ་མུརྟིའི་ཚོགས་ཆུང་བར་དུ་ཤེས་ཡོན་ཐོག་ལ་ཚོགས་ཆུང་དེ་འདྲ་བདུན་བརྒྱད་ཅིག་བཙུགས་ཡོད། དེའི་ནང་ནས་སྐད་གྲགས་ཆེ་ཤོས་རཱ་དྷཱ་ཀྲིཥྞན་དང་ཀོ་ཊཱ་རི་རེད། དེ་ཚོ་ཚང་མའི་ནང་ལ་སྒང་ལ་བྱུག་པ་འདྲ་པོ་བརྒྱབས་པ་མ་གཏོགས། རྩ་བའི་ཐོག་ནས་འགྱུར་བ་གང་ཡང་མ་བཏང་སྟབས་ད་ལྟའི་གནས་བབ་འདི་ཆགས་བསྡད་ཡོད།
དེ་དང་མཉམ་དུ་དྲི་བ་དེའི་ཆ་ཤས་ལ་སློབ་སྦྱོང་གི་བརྒྱུད་ལམ་དེ་སྐད་ཡིག་ག་འདྲ་ཞིག་གི་ནང་ལ་ཡག་གི་རེད། རང་གི་ཕ་སྐད་ཀྱི་ཐོག་ནས་བྱེད་དགོས་ཀྱི་རེད་དམ་གསུངས་པ་དེ་ད་ལྟའི་གནས་སྐབས་ལ་དྲི་བ་འདྲི་རྒྱུ་ལྷག་མེད། སློབ་སྦྱོང་གི་བརྒྱུད་ལམ་རང་གི་ཕ་སྐད་རང་ལས་ལྷག་པ་མེད་པ་དེ་སྲོལ་རྒྱུན་པ་ཚོས་འདོད་ཀྱི་ཡོད་པ་མ་ཟད། དེང་རབས་པའི་ཤེས་ཡོན་པ་ཚོས་ཀྱང་དེ་ག་རང་ཁས་ལེན་གྱི་ཡོད། སྔ་མ་ཨིན་ཇིའི་འོག་ལ་ལོ་མང་བསྡད་པའི་རྒྱ་གར་ལྟ་བུའི་ནང་ལ་ད་དུང་ཡང་ཤེས་ཡོན་གྱི་བརྒྱུད་ལམ་ཨིན་ཇིའི་སྐད་ལ་སོགས་པའི་ཐོག་ནས་བྱས་བསྡད་པ་ཁ་ཤས་ཁ་ཤས་ལྷག་ཡོད་རེད་མ་གཏོགས༌ཡར་ཐོན་ཆེན་པོ་ཕྱིན་ཟིན་པའི་རྒྱལ་ཁབ་ག་པར་བལྟས་ནའང་ཤེས་ཡོན་གྱི་བརྒྱུད་ལམ་དེ་རང་སྐད་ཐོག་བྱས་པ་མ་གཏོགས་སྐད་ཡིག་གཞན་པའི་ཐོག་བྱས་པ་ཧ་ལམ་མེད་པ་ལྟ་བུ་རེད། ལར་ནས་མི་རིགས་ཀྱི་དབྱེ་བ་ཟེར་བ་དེ་སྐད་ཡིག་ཐོག་ནས་འབྱེད་པ་མ་གཏོགས་གཞན་པ་གང་ཡང་མེད་པས་མི་རིགས་ཤིག་ལ་ངོས་འཛིན་དགོས་ན། དེ་རང་གི་སྐད་ཡིག་གཙོ་བོར་བྱེད་དགོས་པ་དང་། སློབ་སྦྱོང་གི་བརྒྱུད་ལམ་རང་སྐད་བྱེད་དགོས་པ་དེ་གལ་ཆེ་ཤོས་རེད། སྐད་དང་བསམ་བློ་གཉིས་དེ་མཉམ་དུ་དགོས། ང་ཚོ་མཚན་ཉིད་པའི་ཤོད་སྟངས་བྱས་ན། སྒྲ་དང་རྟོག་པ་ཟེར་གྱི་རེད། སྒྲ་དང་རྟོག་པ་གཉིས་པོ་དེ་གཅིག་ཕན་གཅིག་བརྟེན་རེད། བེད་སྤྱོད་བྱེད་པའི་སྒྲའམ་སྐད་དེ་མི་རིགས་གཞན་པ་ཞིག་གི་སྐད་ཀྱི་ཐོག་ནས་བེད་སྤྱོད་བྱས་ན། བོད་པའི་རིགས་རྒྱུད་ལ་སྐྱེས་ནའང་ཁོའི་ལུས་ཀྱི་གྲུབ་ཆ་དེ་བོད་པའི་ཤ་ཁྲག་ལས་གྲུབ་པ་ཞིག་ཆགས་ཡོད་ཀྱང་། སེམས་ཀྱི་གྲུབ་ཆ་དེ་བོད་པའི་སེམས་ལས་གྲུབ་པ་ཞིག་ཆགས་མེད། དེར་བརྟེན། སྤྱིར་སློབ་སྦྱོང་གི་བརྒྱུད་ལམ་དང་ལྷག་པར་དུ་དམའ་རིམ་དང་གཞི་རིམ་གྱི་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་བརྒྱུད་ལམ་དེ་བོད་ཀྱི་སྐད་ཡིག་ཁོ་ན་ཡིན་དགོས་པ་བཤད་མ་དགོས། གལ་སྲིད་ང་ཚོས་དགོས་པ་དང་དམིགས་ཡུལ་ཤེས་ཡོན་སྲིད་བྱུས་ནང་ཡོད་པ་ནང་བཞིན་བསྒྲུབ་དགོས་ཀྱི་ཡོད་ན། སློབ་སྦྱོང་གི་བརྒྱུད་ལམ་བོད་ཀྱི་སྐད་ཡིག་མ་བྱས་ན་དེ་དག་ཆ་ཚང་འགྲུབ་ཐབས་མེད་པ་དེ་གསལ་པོ་རེད་བསམ་གྱི་འདུག
དྲི་བ་བཞི་པ་དེའི་ནང་ལ་ཤེས་ཡོན་སྲིད་བྱུས་ནང་དུ་བཤད་པའི་དགོས་པ་དང་དམིགས་ཡུལ་དེ་ཚོ་འགྲུབ་པ་ལ་འཛིན་སྐྱོང་ངོས་ནས་ག་རེ་བྱེད་དགོས་སམ་ཞེས་བཀའ་འདྲི་གནང་སོང་། སྤྱིར་བཏང་བྱས་པ་ཡིན་ན། ཤེས་ཡོན་ལམ་སྲོལ་གྱི་ནང་ལ་གལ་གནད་ཆུང་ཤོས་དེ་འཛིན་སྐྱོང་རེད། དགེ་རྒན་དང་། ཕ་མ། སློབ་ཕྲུག་གསུམ་པོ་དེ་རྡོག་གཅིག་ཏུ་བསྒྲིལ་ན་འཛིན་སྐྱོང་གིས་མཐུན་རྐྱེན་སྦྱར་རྒྱུ་དེ་ཡིན་སྟབས་དངུལ་བཀག་ན་མ་གཏོགས་གཞན་ཞེ་དྲག་བྱེད་ཐབས་མེད། དགེ་རྒན་དང་། ཕ་མ། སློབ་ཕྲུག་གསུམ་པོ་དེ་རྡོག་ལ་མ་བསྒྲིལ་ན་ཡང་འཛིན་སྐྱོང་གིས་བྱེད་ཐབས་མེད་སྟབས་འཛིན་སྐྱོང་ཞེས་པ་དེ་ཤེས་ཡོན་ལམ་སྲོལ་ཐོག་ལ་རང་དབང་དགོས་ཟེར་བ་དེ་སྲོལ་རྒྱུན་དང་དེང་རབས་གཉིས་ཀས་བཤད་བསྡད་ཡོད། རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་ཁག་གི་ནང་ལ་ཡིན་ནའང་སོ་སོའི་རང་དབང་དེ་བེད་སྤྱོད་བཏང་བ་མ་གཏོགས་འཛིན་སྐྱོང་གིས་ཞེད་པོ་ཞེད་པོ་ལམ་སྟོན་བྱེད་ས་མེད། གཙུག་ལག་སློབ་གཉེར་ཁང་ལ་སོགས་པ་དེ་འདྲ་ཁ་ཤས་ཀྱི་ནང་དུ་ཉེ་བའི་རིགས་བདག་བསྐོ་རྒྱུ་ལྟ་བུར་ཇུས་གཏོགས་བྱེད་པ་མ་གཏོགས་གང་ལ་གང་འཚམས་ཀྱིས་ནང་གི་རང་དབང་གི་རང་བྱུང་གི་གནས་བབ་དེ་ཡོད་བསྡད་པ་ཞིག་རེད། ད་དཀའ་ངལ་ག་པར་སླེབས་ཀྱི་རེད་ཅེ་ན། འཛིན་སྐྱོང་གི་ཕྱོགས་ལ་དགོས་པའི་དགོས་མཁོ་གཅིག་ཡོད། དགོས་མཁོ་དེ་ཆབ་སྲིད་ཀྱི་ཆོད་སེམས་རེད། (political will) ཟེར་བ་དེ་རེད། འཛིན་སྐྱོང་ནང་ལ་སྡོད་མཁན་གྱི་མི་དེའི་བསམ་བློའི་ནང་ལ་ག་རེ་ཡིན་མིན་ལ་མ་ལྟོས་པར་ཤེས་ཡོན་སྲིད་བྱུས་དེ་ལག་ལེན་བསྟར་དགོས་ཀྱི་ཡོད་ལ་བསྟར་གྱི་ཡིན་བསམས་པའི་ཆབ་སྲིད་ཀྱི་ཆོད་སེམས་དེ་མེད་ན་གཡས་གཡོན་ལ་འཐུས་ཤོར་འགྲོ་སྲིད། དེ་ཡོད་ན་དེ་གས་འགྲིགས་པ་རེད། གང་ལྟར་ཤེས་ཡོན་ཡག་པོ་ཡོང་དགོས་པ་དང་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་རྒྱུའི་ནང་ལ་བསྡུར་ཆ་འདྲ་པོ་ཆུང་ཤོས་དེ་འཛིན་སྐྱོང་རྩ་ལ་ཡོད། འཛིན་སྐྱོང་ལ་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་རྒྱུ་དང་སྒྲིག་འཛུགས་ཀྱི་རྣམ་གཞག་བཤད་རྒྱུ་མ་གཏོགས་དངོས་སུ་ཕྲུ་གུའི་རྒྱུད་ལ་ཤེས་ཡོན་སྤྲོད་རྒྱུ་དེར་འཛིན་སྐྱོང་ལ་དེ་ཙམ་བྱེད་རྒྱུ་མེད། འཛིན་སྐྱོང་གི་བསམ་བློའི་ནང་ལ་རང་གིས་གཏན་ལ་ཕབ་པའི་སྲིད་བྱུས་ལ་རང་ཉིད་ཀྱིས་ཡིད་ཆེས་མེད་པ་དང་། དེ་ལག་ལེན་ལ་མ་བསྟར་ཐབས་མེད་ཡིན་བསམས་པའི་ཆོད་སེམས་དེ་བརྟན་པོ་ཞིག་མེད་ན། འཛིན་སྐྱོང་དང་། ཕ་མ། སློབ་ཕྲུག་བཅས་ག་ས་ག་ནས་རིང་ཐུང་ཕྲན་བུ་ཕྲན་བུ་ཤོར་བསྡད་ན་དཀའ་ངལ་འཕྲད་སྲིད། དེ་འདྲ་འཕྲད་ནའང་ད་དུང་དགེ་རྒན་བརྟན་པོ་ཡོད་ན་འཛིན་སྐྱོང་གིས་ཞེ་དྲག་གནོད་སྐྱེལ་མི་ཐུབ། འཛིན་སྐྱོང་གིས་ཕན་འདོགས་རྒྱུ་དང་གནོད་སྐྱེལ་རྒྱུ་གཉིས་ཀར་མཐའ་མཚམས་འདྲ་པོ་ཡོད་པས་དེ་བརྒལ་ནས་འགྲོ་ས་མེད། དགེ་རྒན་ཐེབས་ཆག་ཅིག་བྱུང་ན་གནོད་ཆེན་པོ་བསྐྱལ་གྱི་རེད། དེ་བཞིན་ཕ་མ་སྡུག་ཅག་ཅིག་བྱུང་ན་ད་དུང་གནོད་ཆེན་པོ་བསྐྱལ་གྱི་རེད། དེ་བཞིན་ཕྲུ་གུ་ཆུང་བའི་སྐབས་ལ་ཕ་མ་དང་དགེ་རྒན་གྱིས་ཕྲན་བུ་བཟོ་ཐུབ་པའི་རེ་བ་དང་གོ་སྐབས་ཡོད། དེ་ནས་ཕྲུ་གུ་ཡར་ལོ་ལོངས་ནས་ཧྲེང་གཅིག་ལ་ཧྲེང་སོང་ན། དགེ་རྒན་ཕ་མས་བྱེད་མ་ཐུབ་པ་ཡོང་སྲིད། དེའི་གནས་སྐབས་ལ་ད་དུང་དགེ་རྒན་ཚད་དང་ལྡན་པ་ཞིག་བྱུང་ན། དགེ་རྒན་གྱིས་ཕྲུ་གུ་འཇུན་ཐུབ་པའི་གནས་སྟངས་མང་པོ་མཐོང་བསྡད་པ་གཅིག་རེད།

དྲི་བ། ༥
རང་རེའི་སྤྱི་ཚོགས་ནང་སློབ་གསོ་ཉུང་དྲགས་ཀྱི་འདུག་ཅེས་ཡང་ཡང་གླེང་བཞིན་འདུག་ཀྱང་། སློབ་གསོར་ངོས་འཛིན་བྱེད་སྟངས་ནི་འཚོ་བའི་ལྟོ་གོས་འཚོལ་བྱེད་ཙམ་ཡིན་སྟབས། ངོས་འཛིན་བྱེད་སྟངས་ལམ་ནོར་དུ་ཤོར་བ་ལྟ་བུ་མཐོང་གི་འདུག སློབ་གསོར་ངོས་འཛིན་བྱེད་སྟངས་ནོར་བ་དེས་བོད་མི་ཚད་ལྡན་ཞིག་དང་། མི་ཚད་ལྡན་ཞིག་གསོ་སྐྱོང་བྱེད་པར་ཁྱད་པར་ཆེན་པོ་བཟོ་ངེས་འདུག་ན། དེའི་ཐད་དགོངས་ཚུལ་ཞིག་གསུང་རོགས་གནང་།

དྲི་བ། ༦
སྤྱིར་རང་ངོས་ནས་ཤེས་ཡོན་སྲིད་བྱུས་གསར་པ་དེ་ཆ་ཚང་བ་དང་གལ་ཆེན་པོ་ཞིག་ལ་ངོས་འཛིན་གྱི་ཡོད་མོད། ཤེས་ཡོན་སྲིད་བྱུས་ནང་ཞིབ་ལྟ་བྱེད་སྐབས་གནས་དོན་ཁ་ཤས་མ་ཚང་བ་ལྟ་བུར་འདུག དཔེར་ན། ཤེས་ཡོན་སྲིད་བྱུས་ནང་སློབ་དེབ་གཏན་འབེབས་བྱེད་སྟངས་སོགས་ལ་ལམ་སྟོན་གང་ཡང་མི་འདུག ཤེས་ཡོན་ལམ་སྲོལ་ནང་སྲོལ་རྒྱུན་གྱི་ཤེས་ཡོན་ལམ་སྲོལ་དང་མཐུན་པ་ཞེས་པ་མ་གཏོགས་ཞིབ་ཕྲ་གང་ཡང་མི་འདུག ཡིག་རྒྱུགས་ཀྱི་ལམ་སྲོལ་ཐད་ལམ་སྲོལ་གསར་པ་ཞིག་བཟོ་རྒྱུ་མ་གཏོགས་དམིགས་བསལ་ལམ་སྟོན་མི་འདུག ཤེས་ཡོན་གྱི་སྒྲོམ་གཞི་ཡང་ཞིབ་ཕྲ་གང་ཡང་མི་འདུག སློབ་ཚན་ཡང་ཞིབ་གསལ་མེད་པ་དང་སློབ་དེབ་རྩོམ་སྒྲིག་བྱེད་སྟངས་སོགས་གསལ་ཁ་མེད་པ་དང་། གཞན་ཡང་ཤེས་ཡོན་སྲིད་བྱུས་ནང་དགེ་རྒན་གལ་ཆེན་ཡིན་སྐོར་དོན་ཚན་མང་པོ་བཀོད་ཡོད་པས། དེ་འདྲའི་སྲིད་བྱུས་ཤིག་ལག་བསྟར་མ་བྱས་གོང་དགེ་རྒན་གསོ་སྐྱོང་བྱ་རྒྱུ་གལ་ཆེན་ཡིན་པས། དེའི་སྐོར་ལམ་སྟོན་དང་ལས་འཆར་གྱི་ཚད་གཞི་གང་ཡིན་གསུང་རོགས་ཞུ།

དྲི་བ། ༧
རིན་པོ་ཆེ་མཆོག་ནས་དགེ་རྒན་གང་ཞིག་གིས་བསླབ་གཞིའམ་སློབ་ཚན་ཞིག་སློབ་མ་ཚང་མས་གཅིག་མཚུངས་སུ་ཤེས་ཐབས་བྱེད་པ་ནི་མངོན་པའི་ང་རྒྱལ་རེད་ཅེས་གསུངས་སོང་བས། དེ་མངོན་པའི་ང་རྒྱལ་ཡིན་སྟངས་གང་འདྲ་རེད་དམ།
གཉིས་པ། ཤེས་ཡོན་སྲིད་བྱུས་འདི་བཞིན་གྲོས་ཚོགས་ནས་གཏན་འབེབས་གནང་བའི་སྲིད་བྱུས་ཤིག་ཡིན་སྟབས་རང་རེའི་སློབ་གྲྭ་ཡོངས་ཀྱིས་འོ་ཆུ་གཅིག་འདྲེས་ལྟ་བུའི་ལག་བསྟར་བྱ་དགོས་པ་ཡིན་རུང་། འོན་ཀྱང་དེ་ལྟར་ལག་བསྟར་བྱེད་ཀྱི་མེད་པས། འོ་ཆུ་གཅིག་འདྲེས་ཀྱི་ལག་བསྟར་ཡོང་ཐབས་སྐོར་ལ་བཀའ་སློབ་ཅིག་སྩལ་གནང་ཡོང་བ་ཞུ།
བཀའ་ལན། དེ་རིང་ཁ་སང་སྤྱི་ཚོགས་ནང་ལ་སློབ་གསོ་མང་དྲགས་དང་ཉུང་དྲགས་ཀྱི་བཀའ་འདྲི་གནང་སོང་། དྲི་བ་འདི་ངས་ཡག་པོ་ཞིག་མགོ་འཚོས་མ་སོང་། སྤྱིར་བཏང་སྤྱི་ཚོགས་ཀྱི་ནང་ལ་རྒྱུན་ལྡན་གྱི་སྒྲོམ་གཞི་ཡོད་པ་དང་སྒྲོམ་གཞི་མེད་པའི་ཤེས་ཡོན་སློབ་གསོའི་ལས་རིམ་དེ་ག་དུས་ཡིན་ནའང་དགོས་པ་ཞིག་རེད། བོད་པའི་སྤྱི་ཚོགས་ནང་ལ་གཅིག་བྱས་ན་ཉུང་དྲགས་པའི་སྐྱོན་ཡོད་རེད་བསམ་གྱི་འདུག བོད་ཡིག་དང་ཨིན་ཇི་གཉིས་གདམ་ཀ་བྱེད་རྒྱུའི་བསམ་ཚུལ་དེ་ཡོད་ན་ཕ་མ་དགེ་རྒན་དགེ་ཕྲུག་སུ་ཡིན་ནའང་དེ་ནོར་བ་རེད་བསམ་གྱི་ཡོད། ཐོག་མར་དེ་ལ་ཕ་མ་དང་ཕྲུ་གུ་གཉིས་བོད་པའི་མི་རིགས་དེ་ལ་སྐྱེས་པའི་རྗེས་ལ་མི་དེའི་མི་ཚེ་གང་འདྲ་ཞིག་བསྐྱལ་གྱི་རེད། དེའི་མདུན་ལམ་དེ་བསམ་བློའི་ནང་ལ་ཡོད་དགོས་པ་དེ་གལ་ཆེན་པོ་རེད། མི་དེ་བོད་པ་ཞིག་བཟོས་ནས་མི་ཚེ་སྐྱེལ་བཅུག་གི་རེད། ཨིན་ཇི་ཞིག་བཟོས་ནས་མི་ཚེ་སྐྱེལ་བཅུག་གི་རེད། ཨིན་ཇི་བཟོས་ནས་མི་ཚེ་སྐྱེལ་རྒྱུའི་ཐབས་ཤེས་བྱས་པ་ཡིན་ནའང་རང་དབང་རེད། ཡིན་ནའང་ཨིན་ཇི་བཟོ་ཐུབ་རྒྱུ་ཁག་པོ་རེད། ཨིན་ཇིའི་སྐད་ག་ཚོད་བསླབས་ཀྱང་ཨིན་ཇི་ཆགས་མི་སྲིད་པ་ལྟ་བུ་ཞིག་རེད། དེའི་ཚོད་བལྟ་རྒྱ་གར་ལ་གནའ་སྔ་མོ་ནས་བྱས་ཚར་བ་ཞིག་རེད། རྒྱ་གར་ནང་ལ་སྔ་མ་ནས་ཚང་མ་ཨིན་ཇི་བཟོ་རྒྱུའི་འདུན་པ་ཞེ་དྲག་ཡོད་རེད། ཨར་བིནྡ་གྷོཥ་ཞེས་པ་དེ་རྗེས་གྲུབ་ཐོབ་ཡིན་པ་མ་ཟད་མཁས་པ་ཆེན་པོ་ཞིག་ཆགས་པ་རེད། ལྷག་པར་དུ་ལྟ་གྲུབ་ཀྱི་ཐོག་ནས་ཞེ་དྲག་གཏིང་ཟབ་པོའི་རྩོམ་ཡིག་ཡོད་མཁན་ཞིག་རེད། ཨར་བིནྡ་གྷོཥ་ཡི་ལྟ་གྲུབ་དེ་ཚོ་དུས་འཁོར་ནས་བཤད་པའི་ལྟ་གྲུབ་དེ་དག་དང་འདྲ་པོ་དང་ཧ་ཅང་ཐག་ཉེ་པོ་རེད། ཁོང་གི་ཕ་མ་དེ་ཚོ་ཞེ་དྲག་རྒྱུ་ཆེན་པོ་ཡིན་སྟབས་ཨར་བིནྡ་གྷོཥ་ལ་རྒྱ་གར་གྱི་ཤན་ཁྱོན་ནས་མ་ཞུགས་པར་ཨིན་ཇི་རང་བཟོ་རྒྱུའི་འབད་བརྩོན་བྱས་ནས་ཕྲུ་གུ་སྐྱེས་པ་དང་མ་མ་དེ་ཚོ་ཨིན་ཇིའི་སྐྱེས་དམན་བསྐོས་པ་མ་གཏོགས་བངྒ་ལའི་སྐྱེས་དམན་དེ་འདྲ་འཁྲིས་ལ་འཁོར་བཅུག་གི་མེད། ནང་ལའང་བངྒ་ལའི་ཚིག་གཅིག་ཀྱང་མ་ལབ་པར་ཨིན་ཇིའི་མ་མ་ཚོས་ཨིན་ཇིའི་སྐད་ཐོག་ནས་གསོ་སྐྱོང་བྱས་ནས་ལོ་བདུན་ཐོག་ལ་ལོན་ཌོན་ལ་བཏང་བ་རེད། ལོ་བདུན་ནས་ཉི་ཤུ་རྩ་དྲུག་རྩ་བདུན་བར་དུ་ལོན་ཌོན་ལ་བཞུགས་པ་རེད། ཚུར་ལོག་དུས་སོ་སོའི་ཕ་སྐད་ཚིག་གཅིག་ཤེས་ཀྱི་མེད། ལེགས་སྦྱར་སྐད་དང་རྒྱ་གར་གྱི་སྐད་གཞན་པ་རྣམས་བཤད་མི་དགོས་པ་རེད། ཡིན་ནའང་ཚུར་ལོག་ནས་ག་རེ་ཆགས་པ་རེད་ཅེ་ན། ཐོག་མར་འཚོལ་རྒྱུ་དེ་རྒྱ་གར་རང་གི་རིགས་པའི་གཞུང་ལུགས་ནང་ལ་ལྟ་གྲུབ་རྣམ་གཞག་གི་གཞུང་ག་རེ་འདུག་བཙལ་བ་རེད། དེ་ནས་ལེགས་སྦྱར་གྱི་སྐད་སྦྱངས་པ་རེད། རྗེས་མ་རྒྱ་གར་རང་བཙན་ལེན་མཁན་གྱི་སྲིད་དོན་པ་ཞིག་ཀྱང་ཆགས་པ་རེད་ལ་སྟོན་པ་ཆེན་པོ་ཞིག་ཀྱང་ཆགས་པས་སྐད་བསླབས་ནས་མི་དེ་གཞན་ཞིག་བཟོ་ཐབས་མེད་པ་རེད། ཨིན་ཇིའི་སྐད་ཤེས་ན་འཚོ་ཐབས་འཁྱོལ་བའི་བསམ་ཚུལ་དེ་ཡང་ཧ་ཅང་ཡང་དག་པ་ཞིག་མ་རེད། ཨིན་ཇིའི་སྐད་ཤེས་ན་འཚོ་ཐབས་ཡག་ག་རག་པ་དང་ཨིན་ཇིའི་སྐད་མ་ཤེས་ན་འཚོ་ཐབས་སྡུག་ཏུ་འགྲོ་བའི་གནས་སྟངས་ཤིག་མེད། རྒྱ་གར་གྱི་མི་དང་བོད་པའི་མི་ཚོའི་བསམ་བློའི་ནང་ལ་ཨིན་ཇིའི་སྐད་དེ་རྒྱལ་སྤྱིའི་སྐད་ཡིན་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་འདུག བསམ་ཚུལ་དེ་བོད་རིགས་ནང་ལ་ཤུགས་ཆེན་པོ་འདུག་ཀྱང། དེ་དངོས་ཡོད་གནས་ཚུལ་ཁྱོན་ནས་མ་རེད། རྒྱལ་ཁབ་བཞི་དང་ཕྱེད་ཀའི་ནང་ལ་མ་གཏོགས་ཨིན་ཇིའི་སྐད་བེད་སྤྱོད་བྱེད་ཀྱི་མེད། རྒྱལ་ཁབ་བཞི་པོ་དེའང་མི་འབོར་ཆེ་བའི་རྒྱལ་ཁབ་དེ་འདྲ་གང་ཡང་མིན། དེ་ཚོ་ལྷོ་ཕྱོགས་སུ་ནིའུ་ཛར་ལེནྜ་དང་། ཨོས་ཊོ་ལི་ཡ་གཉིས་དང་། ནུབ་ཕྱོགས་ཡུ་རོབ་ནང་ལ་ Great Britain(UK) དང་། ཕར་ཕྱོགས་ལ་ཨ་རི་དང་ཁེ་ན་ཌའི་ཕྱེད་ཀ་ལ་མ་གཏོགས་རྒྱལ་ཁབ་གང་ལའང་ཨིན་ཇིའི་སྐད་བེད་སྤྱོད་མེད། ནུབ་ཕྱོགས་ལ་ཡིན་ནའང་ཨིན་ཇིའི་ཁྱིམ་མཚེས་ལ་ཡོད་པའི་རྒྱལ་ཁབ་ག་པར་ཕྱིན་ནའང་ཕན་ཐོགས་མི་འདུག ཨི་ཊ་ལི་ལ་ཕྱིན་ན་ཨིན་ཇི་སྐད་ཤེས་ནའང་རྒྱག་གི་མ་རེད། ཇར་མན་ལ་ཕྱིན་ན་ཡ་བྱེད་མཁན་རག་གི་མ་རེད། ཕ་རན་སི་ལ་ཕྱིན་ན་ཨིན་ཇིའི་སྐད་བརྒྱབས་པ་དང་ལམ་སང་གདོང་གཤིས་ལོག་འགྲོ། གང་ལྟར་ག་པར་ཕྱིན་ནའང་ཨིན་ཇིའི་སྐད་བརྒྱབ་ས་མེད། སྤྱིར་བཏང་ནས་རྒྱལ་སྤྱིའི་ནང་ལ་མི་འབོར་གྱི་ཆ་ནས་སི་པན་ནིཤ་དང་ཨིན་ཇི་གཉིས་ལས་སི་པན་ནིཤ་བེད་སྤྱོད་གཏོང་མཁན་མི་འབོར་མང་བ་ཡོད། དེར་བརྟེན་ག་པར་ཕྱིན་ནའང་གོ་ཆོད་ཀྱི་རེད་བསམས་པའི་བསམ་ཚུལ་དེ་ནོར་བ་རེད། ད་ལྟ་ངས་གདམ་ཀ་ཡོང་མེད་ཟེར་བ་དེ། ཨིན་ཇི་བསླབ་དགོས་ཀྱི་རེད་ལ་བོད་ཡིག་བསླབ་དགོས་ཀྱི་མ་རེད་ཟེར་བ་དང་། ཡང་བོད་ཡིག་བསླབ་དགོས་ལ་ཨིན་ཇི་བསླབ་མི་དགོས་ཟེར་བ་དེ་ཡང་འགྲིག་གི་མེད། ཨིན་ཇི་བསླབས་ནས་བོད་ཡིག་སློབ་མི་ཐུབ་པ་མེད། དེ་བཞིན་བོད་ཡིག་སློབ་བཞིན་དུ་ཨིན་ཇི་སྐད་ཡིག་གི་ངོ་བོར་སྦྱངས་པ་ཡིན་ནའང་སྦྱང་ཆོག་སྟབས། བོད་ཡིག་དང་ཨིན་ཇི་གཉིས་པོ་དེ་མཉམ་དུ་འགྲོ་རྒྱུ་མེད་པའི་བསམ་བློ་བཏང་ན་བསམ་བློ་ཁོ་རང་སྐྱོན་ཅན་ཞིག་ཆགས་འགྲོ་ཡི་ཡོད་རེད། ཨིན་ཇི་སློབ་མཁན་ཡོད་ན་བསླབས་ཀྱང་འགྲིག་གི་རེད། ཡིན་ནའང་རང་སྐད་དོར་རྒྱུ་དེ་ག་རེ་བྱས་ནས་བསམ་བློ་གཏོང་གི་ཡོད་རེད། རང་སྐད་ཀྱི་ཐོག་ནས་མ་འོངས་པར་འཚོ་ཐབས་ཤིག་རག་གི་ཡོད་ཀྱང་རུང་མེད་ཀྱང་རུང་རང་གི་རིགས་དེ་ལ་དེ་ཙམ་གྱིས་དམན་པའི་འདུ་ཤེས་ཤིག་ཡོད་ན་གཟུགས་པོ་དེའང་བརྗེ་པོ་བརྒྱབ་དགོས་ཀྱི་རེད། འཕོ་བ་གྲོང་འཇུག་མ་ཤེས་པ་མ་གཏོགས་ཤེས་ན་གཟུགས་པོ་འདི་ཡང་བརྗེ་པོ་བརྒྱབ་དགོས་པ་ཆགས་ཀྱི་རེད། བརྗེ་པོ་རྒྱག་མི་ཐུབ་པ་དེ་ Macauly ཡིས་ཀྱང་ཁས་ལེན་བྱེད་ཀྱི་ཡོད་སྟབས་པགས་པ་དེ་ནག་པོ་བྱས་པ་མ་གཏོགས་བསམ་བློ་གཏོང་སྟངས་དང་སྐད་ཆ་ཤོད་སྟངས་ཀུན་སྤྱོད་འཁྱེར་སྟངས་ཚང་མ་ཨིན་ཇི་བཟོ་དགོས་ཞེས་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱེད་མཁན་ Lord Macauly གྱིས་འདོད་ཀྱི་ཡོད། Lord Macauly ཞེས་པ་དེ་བོད་ལ་འགྲོ་རྒྱུའི་ཐབས་ཤེས་ཀྱང་བྱས་འདུག འོན་ཀྱང་འགྲོ་ཐུབ་མི་འདུག Lord Macauly བོད་ལ་འགྲོ་དུས་གླང་པོ་ཆེ་བཅུ་ལ་གསེར་སོགས་ཅ་ལག་མང་པོ་བཀལ་ནས་འགྲོ་རྒྱུ་བྱས་པ་རེད། དེས་པགས་པའི་ཚོན་མདོག་སྒྱུར་ཐུབ་ཀྱི་མ་རེད་མ་གཏོགས་གཞན་ཚང་མ་བསྒྱུར་གྱི་ཡིན་བསམས་པའི་བསམ་ཚུལ་ཞིག་ཡོད། བསྒྱུར་ཐུབ་ཀྱི་རེད་བསམས་པ་དེ་ད་གིན་སྔོན་ལ་དྲི་བ་ཞིག་གི་ནང་ལ་ཡོད་པ་བཞིན་ཁོའི་མངོན་པའི་ང་རྒྱལ་རེད།
མི་ཚད་ལྡན་དང་བོད་མི་ཚད་ལྡན་བཟོ་རྒྱུ་གཉིས་པོར་གདམ་ཀ་བྱེད་ཐབས་མེད། བོད་མི་ཚད་ལྡན་ཞིག་ཆགས་ན་མི་ཚད་ལྡན་ཆགས་ཆགས་པ་རེད། བོད་པ་གཅིག་བོད་མི་ཚད་ལྡན་མ་ཆགས་པ་ལ་མི་ཚད་ལྡན་ཆགས་ཐབས་མེད། བོད་པ་མིན་པ་ཞིག་ཡིན་ན། མི་ཚད་ལྡན་ཆགས་པ་ཡིན་ནའང་བོད་མི་ཚད་ལྡན་མི་ཆགས་པ་ཡོང་གི་རེད། བོད་མི་ཞིག་ཡིན་ཕྱིན་ཆད་ལ་མི་ཚད་ལྡན་ཞིག་ཆགས་རྒྱུའི་སྔོན་ལ་བོད་མི་ཚད་ལྡན་ཞིག་ཆགས་དགོས་པ་མ་གཏོགས་རྒྱ་མི་ཚད་ལྡན་དང་ཨིན་ཇི་བ་ཚད་ལྡན་དེ་བོད་མི་ཆགས་མི་ཐུབ་སྟབས། མི་ཚད་ལྡན་ཆགས་པ་དང་བོད་མི་ཚད་ལྡན་ཆགས་པ་ཟེར་བ་གཉིས་གཅིག་པ་རེད། དེ་གཉིས་ཀ་གདམ་ཀ་བྱེད་ཐབས་མེད། སྐད་ལའང་གདམ་ཀ་བྱེད་ཐབས་མེད་ལ་མི་ཚད་ལྡན་ཆགས་པ་ལའང་གདམ་ཀ་བྱེད་ཐབས་མེད།
དྲི་བ་དྲུག་པའི་ནང་ལ་ཤེས་ཡོན་སྲིད་བྱུས་ནང་ལ་ཆ་མ་ཚང་བ་མང་པོ་འདུག་གསུངས་པ་རེད། སྲིད་བྱུས་གང་འདྲ་ཞིག་ཡིན་ནའང་དེའི་ནང་ལ་ཆ་མ་ཚང་བ་ཡོང་རྒྱུ་དེ་དངོས་པོའི་གཤིས་ལུགས་ཤིག་རེད། བརྒྱ་ཆ་བརྒྱ་ཐམ་པ་ཆ་ཚང་བར་བརྒྱད་སྟོང་པ་དང་འབུམ་ལྟ་བུ་ཞིག་བྲིས་པ་ཡིན་ནའང་ད་དུང་ཁ་ཤས་ལྷག་བསྡད་ཀྱི་རེད། སྤྱིར་བཏང་སྲིད་བྱུས་ཟེར་བ་དེ་ལམ་སྟོན་འདྲ་པོ་རེད། སྲིད་བྱུས་དང་ལག་དེབ་གཉིས་ལ་ཁྱད་པར་ཡོད། དགེ་རྒན་གྱི་ལག་དེབ་ཡིན་ན་གང་འཚམས་ཞིབ་ཚགས་པོ་བྱ་དགོས། སྲིད་བྱུས་ཟེར་བ་དེ་སྤྱི་ཡོངས་ཀྱི་འགྲོ་སྟངས་དང་བསམ་བློ་གཏོང་སྟངས་ཐོག་ནས་བཤད་པ་དེ་ལ་ཟེར། ད་ལྟ་ང་ཚོའི་ཤེས་ཡོན་སྲིད་བྱུས་འདིའི་ནང་ལ་འཛིན་གྲྭའི་ནང་ལ་དམིགས་ཀྱིས་བཀར་ནས་བསླབ་རྒྱུའི་སློབ་དེབ་ཐོག་ལ་གལ་གནད་ཆེན་པོ་བརྩིས་མེད། སློབ་དེབ་མེད་ནའང་འགྲིག་པ་ལྟ་བུ་བརྩིས་ཡོད། ང་ཚོ་སྲོལ་རྒྱུན་གྱི་ཤེས་ཡོན་ནང་ལ་རིག་པའི་གནས་གང་འདྲ་ཞིག་ཡིན་ནའང་སོ་སོས་གཞུང་ལུགས་འདྲ་སྦྱངས་པ་མ་གཏོགས་རིག་པའི་གནས་དེ་ཚོ་ནས་ཟུར་དུ་བཏོན་ནས་འདི་འཛིན་གྲྭའི་ནང་ལ་བསླབ་རྒྱུའི་སློབ་དེབ་ཡིན་ཞེས་ཟུར་དུ་བཟོ་རྒྱུའི་ལམ་སྲོལ་དེ་མེད་ལ་བཟོ་དགོས་པའང་གཟིགས་ཀྱི་མེད། སློབ་དེབ་ཟུར་དུ་བཟོ་རྒྱུ་དེ་ Macauly ལྟ་བུའི་ཤེས་ཡོན་སྲིད་བྱུས་ནང་ལ་གལ་ཆེན་པོ་ཆགས་ཡོད། གང་ཡིན་ཞེ་ན། རིགས་པའི་གཞུང་ལུགས་ཚང་མ་སླེབས་ཐུབ་ཀྱི་མེད་ཀྱང་དེའི་ནང་ལ་ཀླད་པ་བཀྲུ་རྒྱུའི་ཆེད་དུ་མང་པོ་ཞིག་བླུག་དགོས་ཀྱི་ཡོད། ལྷག་པར་དུ་རྒྱུགས་སྤྲོད་གཏོང་རྒྱུའི་ལམ་སྲོལ་ཞིག་ཡོད། རྒྱུགས་སྤྲོད་གཏོང་རྒྱུའི་ལམ་སྲོལ་དེའི་འོག་ལ་སློབ་དེབ་ཟུར་དུ་མེད་ན་མ་འགྲིགས་པ་ལྟ་བུ་ཆགས་ཀྱི་རེད་མ་གཏོགས། རིག་གནས་གང་འདྲ་ཞིག་བསླབས་ནའང་སོ་སོའི་རིགས་པའི་གཞུང་ལུགས་ལ་སྦྱངས་པ་གཏོགས་དེ་ནས་ཚུར་འཛིན་གྲྭའི་ནང་ལ་བསླབ་རྒྱུ་ཡིན་ཞེས་སློབ་དེབ་(Text book)ཅིག་ཟུར་དུ་བཟོ་རྒྱུའི་ལམ་སྲོལ་དེ་གལ་ཆེན་པོ་བརྩི་ཡི་མེད། ཨིན་ཇིས་བཟོས་པ་དེའི་ནང་ལ་གལ་ཆེན་པོ་རེད། NCERTལྟ་བུ་བཟོ་དགོས་པ་དེ་སློབ་ཚན་དང་སློབ་དེབ་དེ་དག་དོ་ནན་པོ་མ་བྱས་ན་ཁོ་རང་ཚོའི་དམིགས་ཡུལ་འགྲུབ་ཀྱི་མེད་སྟབས། ང་ཚོས་སློབ་དེབ་སྐོར་ལ་གང་ཡང་བཤད་མེད། ན་བ་ཏ་ལཱིམ་སློབ་གྲྭ་ཁག་དང་། ཀྲིཥྞ་མུརྟིའི་སློབ་གྲྭ་ཁག ཨར་བིནྡ་ཡི་སློབ་གྲྭ་ཁག་གི་ནང་ལ་སློབ་དེབ་ཟུར་དུ་མེད། དཔེ་མཛོད་ནང་ལ་སློབ་དེབ་མང་པོ་བཞག་ཡོད་ཀྱང་འཛིན་གྲྭའི་ནང་ལ་སློབ་དེབ་གཅིག་ཀྱང་བེད་སྤྱོད་གཏོང་གི་མེད། རྒྱ་གར་རྒྱལ་ཡོངས་ཀྱི་རྒྱུགས་སྤྲོད་གཏང་དགོས་པའི་ཀྲིཥྞ་མུརྟིའི་སློབ་གྲྭའི་འཛིན་གྲྭ་བརྒྱད་པ་དང་བཅུ་པ་བཅུ་གཉིས་དེ་ཚོ་ལའང་འཛིན་གྲྭའི་ནང་ལ་སློབ་དེབ་སློབ་ཀྱི་མེད། སློབ་དེབ་དེ་དཔེ་མཛོད་ནང་ལ་བཞག་ནས་ཕྲུ་གུས་དེ་ངའི་སློབ་དེབ་རེད་བསམས་ཀྱི་རེད་མ་གཏོགས་འཛིན་གྲྭའི་ནང་ལ་སློབ་དེབ་མེད་པར་སློབ་ཀྱི་ཡོད་སྟབས། ཤེས་ཡོན་གྱི་རྒྱ་ཁྱོན་དེ་ཞེ་དྲག་གི་ཡངས་པ་ཡོད། ང་རང་ཚོ་བོད་ཀྱི་ཆོས་ཕྱོགས་ཀྱི་གཏམ་དཔེའམ་བཀའ་གདམས་པ་གོང་མ་ཚོའི་གསུང་རྒྱུན་ལ། གདམས་ངག་ལ་ནང་བྱན་ཆུབ་པར་བྱ་བར། པོ་ཏི་མཛོ་ཁལ་ཙམ་པར་བྱ་བ་བྱེད་པ་ཞིག་དགོས་པ་མ་གཏོགས། བམ་དུམ་ལག་རྩེ་ཙམ་པ་ཞིག་སྟོན་པ་ཙུག། སྦེད་པ་ཙུག་བྱས་པས་གང་ཡང་མ་ཤེས། སྟོན་པ་ཙུག། སྦེད་པ་ཙུག་ཞེས་པ་ནི་འཕན་པོ་བའི་སྐད་རེད། བཀའ་གདམས་པ་གོང་མ་ཚོས་གསུངས་རྒྱུར་དེབ་ཆུང་ཆུང་ལག་མཐིལ་ཙམ་ཞིག་འཁྱེར་ཡོང་ནས་མཚམས་རེ་སྟོན་ཙམ་བྱེད་པ་དང་མཚམས་རེ་སྦེད་ཙམ་བྱས་ནས་གང་ཡང་ས་ཆོད་ཀྱི་མ་རེད། གདམས་ངག་རྣམས་ནང་བྱན་ཆུབ་པ་ཟེར་བ་དེ་པོ་ཏི་མཛོ་ཁལ་ཙམ་པ་ལ། བཀའ་འགྱུར་བསྟན་འགྱུར་དེ་ཚོ་མཛོ་ཁལ་ཙམ་པ་གླང་པོ་ཆེ་ལ་འགེལ་འོས་པའི་གཞུང་ཆེན་མོ་ལ་སློབ་སྦྱོང་བྱེད་མཁན་དེ་དེ་འདྲ་ཞིག་དགོས་ཀྱི་རེད་གསུངས་ཡོད། དེར་བརྟེན་ཤེས་ཡོན་སྲིད་བྱུས་ནང་དུ་སློབ་དེབ་སྐོར་ལ་རྩལ་དུ་བཏོན་ནས་བསམ་བཞིན་དུ་བཞག་མེད། ཇི་སྲིད་ཀྱི་བར་དུ་ཞེས་སྔོན་ལ་གཅིག་གིས་བེད་སྤྱོད་བྱས་པ་བཞིན་གཞན་དབང་སྟབས་བསྟུན་བྱེད་དགོས་པ་དེ་སྲིད་བར་དུ་སློབ་དེབ་བསྡད་མདོག་ཁ་པོ་རེད། དེ་མ་གཏོགས་རང་དབང་ཆ་ཚང་བྱུང་ན་སློབ་དེབ་ཀྱི་ཚབ་ལ་ཐད་ཀར་གཞུང་ཆེན་མོའི་དཔེ་ཆ་དེ་ཚོར་ཁ་ཐུག་བལྟས་ན། འགྲིག་པ་ཙམ་མམ་ཡང་ན་ལུང་འདྲེན་ཙམ་མ་གཏོགས་ཟུར་དུ་མི་དགོས་པ་བྱས་ནའང་འགྲིག་པ་འདྲ་པོ་ཡོད།
དགེ་རྒན་གྱི་སྐོར་ལ་ཁོར་ཡུག་དང་མཐུན་རྐྱེན་བསྐྲུན་རྒྱུ། དགེ་རྒན་འདེམས་སྟངས། དགེ་རྒན་ལ་ཆེ་མཐོང་སྤྲོད་ཕྱོགས་ཚང་མ་འདིའི་ནང་གསལ་ཡོད་རེད། དེ་ཚོ་ཚང་མ་ཉི་མ་གཅིག་ལ་ལག་ལེན་བསྟར་ཐུབ་པའི་གནས་བབ་ཅིག་མེད། ཡིན་ནའང་དེའི་ནང་ལ་ལམ་སྟོན་ཡོད་པ་དེ་ཚོ་དཔེར་ན། ཁོར་ཡུག་སྐྲུན་རྒྱུ་དང་། ཆེ་མཐོང་སྤྲོད་རྒྱུ། དཔལ་འབྱོར་གྱི་མཐུན་རྐྱེན་སྤྲོད་རྒྱུ་དེ་ཚོར་འཛིན་སྐྱོང་ལ་ཞེ་དྲག་རག་ལས་ཡོད་པ་མ་ཟད་སྤྱི་ཚོགས་ལའང་རག་ལས་ཡོད་པས། དེ་ཚོ་ཕུགས་རྒྱང་རིང་པོའི་ཐོག་ལ་ལག་ལེན་བསྟར་དགོས་པའི་གནས་སྟངས་ཤིག་རེད། སྒྲོམ་གཞི་ཟེར་བ་དེ་སྤྱིར་བཏང་ནས་སྒྲོམ་གཞི་ཡོད་པ་དང་མེད་པ་ཅི་རིགས་ཡོད་རེད། ཡིན་ནའང་ད་ལྟའི་གཞི་རིམ་སློབ་སྦྱོང་དེ་ཚོ་སྒྲོམ་གཞི་མེད་པ་ཞིག་གིས་འགྲིག་གི་མེད་སྟབས། ང་ཚོ་རྒྱ་གར་ནང་དུ་བསྡད་ནས་རྒྱ་གར་གྱི་སྤྱི་ཡོངས་ཀྱི་འགྲོ་སྟངས་ཀྱི་ཐོག་ནས་འགྲོ་བའི་སྐབས་ལ་རྒྱ་གར་གྱི་སྒྲོམ་གཞི་འདི་མ་ལེན་རང་ལེན་རེད། རྒྱ་གར་གྱི་སྒྲོམ་གཞི་འདི་སྤྱིར་དབྱེ་བ་གཉིས་ཡོད་པས་ལོ་ཚད་དང་། འཛིན་གྲྭའི་འགྲོ་སྟངས། རྒྱུགས་སྤྲོད་གཏོང་སྟངས་དེ་ཚོ་སྒྲོམ་གཞི་འདིའི་ཐོག་ནས་འགྲོ་བཞིན་ཡོད་།
དེ་ནས་ང་རྒྱལ་ཟེར་བ་དང་མངོན་པའི་ང་རྒྱལ་ཟེར་བའི་ཐ་སྙད་དབར་ལ་ཁྱད་པར་ག་རེ་འབྱེད་ཀྱི་ཡོད་རེད་ཟེར་ན། ང་རྒྱལ་ཟེར་བ་དེ་སོ་སོ་ལ་མེད་པ་ཤེས་བཞིན་དུ་ཡོད་བསམ་པའི་ང་རྒྱལ་བྱས་པ་དེ་ལ་ང་རྒྱལ་ཟེར་གྱི་རེད། མངོན་པའི་ང་རྒྱལ་ཟེར་དུས་སོ་སོ་མ་ཤེས་པར་ངས་འདི་ཐུབ་ཀྱི་རེད། འདི་འཇོན་གྱི་རེད་བསམས་པའི་བསམ་ཚུལ་ཤུགས་ཆེན་པོ་ཡོད་པ་ཞིག་གི་ཐོག་ནས་ང་རྒྱལ་བྱས་པ་ཡིན་ན་དེ་ལ་མངོན་པའི་ང་རྒྱལ་ཟེར། དགྲ་བཅོམ་པའི་གོ་འཕང་མ་ཐོབ་ཀྱང་དགྲ་བཅོམ་པའི་གོ་འཕང་ཐོབ་སོང་བསམས་ནས་རྦད་དེ་ཡིད་ཆེས་བྱེད་སྡོད་མཁན་ཞིག་གིས་ང་དགྲ་བཅོམ་པ་ཡིན་ལབ་ན་མི་ཆོས་བླ་མའི་རྫུན་གྱི་ཕམ་པ་དེ་ཡོང་གི་མེད། ཁོ་ལ་མངོན་པའི་ང་རྒྱལ་ཡོད། ཁོ་རང་ཁོ་རང་གིས་ཤེས་ཀྱི་མེད་སྟབས་སློབ་ཕྲུག་དེ་ཚོ་ག་འདྲ་བཟོས་བཟོས་ཡིན། ངས་བཟོ་ཐུབ་ཀྱི་རེད་བསམས་པའི་སེམས་གཏིང་ནས་ཡིད་ཆེས་ཡོད་མཁན་ཞིག་ཡིན་ན་དེ་མངོན་པའི་ང་རྒྱལ་རེད། བཟོ་ཐུབ་ཀྱི་མ་རེད་དེ་བཟོ་ཐུབ་ཀྱི་ཡོད་མདོག་མདོག་བྱེད་དགོས་རེད་བསམས་ན་དེ་ལ་མངོན་པའི་ང་རྒྱལ་ཟེར་གྱི་རེད།

དྲི་བ། ༨
རིན་པོ་ཆེ་མཆོག་ནས་ཤེས་ཡོན་སྲིད་བྱུས་ངོ་སྤྲོད་གནང་སྐབས་ཤེས་ཡོན་གྱི་དགོས་དམིགས་བཞི་སོགས་དོན་ཚན་དང་པོ་ནས་དྲུག་པ་བར་གལ་ཆེ་ཤོས་ཡིན་སྐོར་གསུངས་སོང་། འོན་ཀྱང་སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་མིན་དེ་འཛིན་རིམ་བཞི་པ་ནས་ཨིན་ཡིག་སློབ་མིན་གྱི་ཚད་ཙམ་ལ་ངོས་འཛིན་བྱེད་ཀྱི་འདུག ཤེས་ཡོན་གྱི་དགོས་དམིགས་བཞི་གཙོ་བོར་འཛིན་ནས། དེ་བསྒྲུབ་ཐབས་ཀྱི་ཐབས་ལམ་དང་སྒྲོམ་གཞི་འདྲ་མིན་སྤྱོད་ཆོག་པ་ཞིག་རེད་དམ་ཡང་ན་སྲིད་བྱུས་ནང་འཁོད་པའི་ཐབས་ལམ་དེ་རང་ལ་གཞིར་འཛིན་དགོས་སམ།
གཉིས་པ། སློབ་གྲྭ་ནི་ཚོགས་པ་ཆུང་ངུ་ཞིག་དང་སྤྱི་ཚོགས་ནི་དེ་ལས་ཆེས་ཆེ་བའི་ཚོགས་སྡེ་ཞིག་ཡིན་སྟབས། སྤྱི་ཚོགས་ཀྱིས་སློབ་གྲྭར་འགྱུར་བ་གཏོང་བ་ལས་སློབ་གྲྭས་སྤྱི་ཚོགས་ལ་འགྱུར་གཏོང་ཐུབ་ཀྱི་མ་རེད་ཅེས་སོ་སོའི་དགེ་རྒན་གྱིས་གསུངས་མྱོང་བས། དེས་སྐབས་རེ་ལས་དོན་བསྒྲུབ་པའི་སྐབས་སུ་ཐེ་ཚོམ་དང་འགོག་རྐྱེན་བཟོ་ན་དེའི་ཐད་བཀའ་སློབ་ཅིག་གནང་རོགས།
བཀའ་ལན། ཤེས་ཡོན་སྲིད་བྱུས་ལག་ལེན་ལ་བསྟར་མི་བསྟར་གྱི་མཚམས་འདི་གང་འདྲ་ཞིག་ནས་གཟུང་དགོས་ཞེས་པའི་དྲི་བ་དེར་ལན་རྒྱག་ཁག་པོ་རེད། དེ་ལ་ལྟ་ཚུལ་དང་བལྟ་སའི་ལམ་ཁ་འདྲ་མི་འདྲ་སྣ་ཚོགས་ཡོང་སྲིད་སྟབས་སྐབས་དང་སྦྱར་ནས་ཤེས་ཡོན་གྱི་དགོས་པ་དང་། ཤེས་ཡོན་གྱི་ངོ་བོ། ཤེས་ཡོན་གྱི་ངོས་འཛིན། ཤེས་ཡོན་གྱི་དམིགས་ཡུལ་དེ་དག་ཤེས་ཡོན་སྲིད་བྱུང་ནང་ལ་ཡོད་པ་ཇི་མ་ཇི་བཞིན་ལག་ལེན་ལ་བསྟར་གྱི་ཡོད་ན། འོག་ལ་ཡོད་པའི་སྒྲོམ་གཞི་དང་སློབ་ཚན་སོགས་མི་འདྲ་བ་ཆགས་ནའང་སྐྱོན་རྩ་བ་ནས་མེད་སྙམ། སྒྲོམ་གཞི་དང་། སློབ་ཚན། སློབ་དེབ་ཟེར་བ་དེ་དག་ག་དུས་ཡིན་ནའང་འགྱུར་བ་འགྲོ་བ་ཞིག་རེད། འོན་ཀྱང་གོང་ལ་ཡོད་པའི་སློབ་སྦྱོང་གི་ངོས་འཛིན་དང་། སློབ་སྦྱོང་གི་དམིགས་ཡུལ། སློབ་སྦྱོང་གི་དགོས་པ། ཁྱད་པར་བོད་མིའི་སློབ་སྦྱོང་གི་དགོས་པ་དང་། དམིགས་ཡུལ་བཞི་ཞེས་པ་རྣམས་སྲིད་བྱུས་འདིའི་ནང་དོན་སྙིང་པོ་ཁག་རེད། དེ་དག་འགྲུབ་པར་ད་ལྟ་འདིར་མེད་པའི་ཐབས་ལམ་རྦད་དེ་གསར་པ་ཞིག་ལག་ལེན་བསྟར་ནའང་འགྲིག་གི་ཡོད། གང་ལྟར་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་བསྒྲུབ་རྒྱུར་འགྲིག་གི་ཡོད། ཡིན་ནའང་དེ་དང་ཆབས་ཅིག་ཏུ། དཔེར་ན། ཁོ་གཉིས་སྦྱར་ནས་བལྟས་ན། སྔོན་འགྲོའི་སློབ་གྲྭ་ནས་སྐད་ཡིག་གཞན་པ་བསླབ་ཀྱི་རེད་དམ་འཛིན་གྲྭ་བཞི་པ་ནས་སྐད་ཡིག་གཞན་པ་བསླབ་ཀྱི་རེད་ཅེས་པའི་དྲི་བ་དེ་གོང་གི་དགོས་པ་དམིགས་ཡུལ་བཞི་དང་འབྲེལ་བ་ཆེན་པོ་ཡོད། འཛིན་གྲྭ་བཞི་པ་ནས་མ་གཏོགས་མ་བསླབ་པའི་རྒྱབ་ལྗོངས་དེ་ལ་ག་རེ་ཡོད་རེད་ཅེ་ན། ཕྲུ་གུས་རང་གི་སྐད་ཡིག་གི་ཐོག་ལ་བསམ་ཐུབ་པ་དང་བཤད་ཐུབ་པ་ཞིག་མ་ཆགས་ཀྱི་བར་དུ་སྐད་ཡིག་གཞན་པ་ངོ་སྤྲོད་མི་བྱེད་པ་དེ་གལ་ཆེན་པོ་བརྩི་བཞིན་ཡོད། གང་ཡིན་ཞེ་ན། བསམ་བློ་དེ་རང་སྐད་དམ་ཕ་སྐད་ཀྱི་ཐོག་ནས་གཏོང་མཁན་གྱི་ཕྲུ་གུ་ཞིག་བཟོ་དགོས་ཀྱི་ཡོད། འདིའི་གནས་སྟངས་དེ་སྲོལ་རྒྱུན་རྐྱང་རྐྱང་མ་རེད། དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་ཐོག་ལ་ཉམས་ཞིབ་བྱེད་མཁན་ཚོས་ཀྱང་གཅིག་པ་རང་ངོས་འཛིན་བྱེད་ཀྱི་ཡོད། ལོ་ཁ་ཤས་ཀྱི་སྔོན་དུ་ནུབ་ཕྱོགས་པའི་མཁས་པ་ཚོའི་བསམ་ཚུལ་ལ། ལོ་ཆུང་བའི་སྐབས་དང་ལྷག་པར་དུ་ལོ་བདུན་གྱི་གོང་ལ་སྐད་ཡིག་མང་པོ་སྦྱོང་རྒྱུའི་ནུས་པ་དེ་ཆེ་བ་ཡོད་པར་བརྟེན་ཆུང་དུས་སྔོན་འགྲོའི་འཛིན་གྲྭ་ནས་སྐད་ཡིག་གང་མང་མང་བསླབ་དགོས་པ་དང་ཤེས་ཐུབ་པའི་ནུས་པ་ཡོད་པའི་བསམ་ཚུལ་དེ་ཡོད། ད་ལྟ་ནུབ་ཕྱོགས་ལ་དེ་འགྱུར་བ་ཕྱིན་ཚར་བ་རེད། ཆུང་དུས་ནས་སྐད་ཡིག་མང་པོ་བསླབས་ན་ཕན་ཐོགས་མི་འདུག ཆུང་དུས་ནས་ཡིན་གཅིག་མིན་གཅིག་རང་སྐད་ཀྱི་ཐོག་ལ་བསླབས་ན་ཕན་ཐོགས་ཆེ་བ་འདུག་ཅེས་འགྱུར་བ་ཕྱིན་ཚར་བ་རེད། ང་ཚོས་ཕ་སྐད་དང་ཁོ་ཚོས་མ་སྐད་ཟེར་གྱི་ཡོད། ཁ་སང་དེའི་ཐོག་ལ་ག་པ་ཡིན་ན་གཅིག་ལ་དྲི་བ་སྐུལ་མཁན་ཞིག་བྱུང་བས་ཆུང་དུས་ནས་ཕ་སྐད་ཐོག་ནས་བྱེད་དགོས་པ་དེ་གལ་ཆེན་པོ་རེད། དཔེར་ན། འཛིན་གྲྭ་བཞི་པའི་གོང་ནས་སྐད་ཡིག་གཞན་པ་མང་པོ་སློབ་པ་དང་། སྐད་ཡིག་གཞན་པ་མང་པོ་བེད་སྤྱོད་གཏོང་བའི་ཁོར་ཡུག་ནང་ལ་སྡོད་མཁན་སློབ་ཕྲུག་ཅིག་གིས་ང་ཚོའི་ཤེས་ཡོན་སྲིད་བྱུས་ནང་ལ་ཡོད་པའི་དགོས་པ་དམིགས་ཡུལ་དེ་དག་སྒྲུབ་ཐུབ་མིན་ཐེ་ཚོམ་ཞེ་དྲག་རེད། རང་སྐད་ལ་བྱང་ཆུབ་པ་ཞིག་སྟེ། རང་སྐད་ལ་བྱང་ཆུབ་པ་ཟེར་དུས་བརྡ་སྤྲོད་རྣམ་གཞག་ཚང་མ་ཤེས་པ་ཟེར་གྱི་མེད། གང་ལྟར་རྒྱུན་ལྡན་ང་ཚོས་སྐད་ཆ་ག་རེ་བཤད་པ་ཡིན་ནའང་། དེ་རང་སྐད་ཀྱི་ཐོག་ནས་བཤད་པ་དང་། རང་སྐད་ཀྱི་ཐོག་ནས་བསམ་བློ་གཏོང་ཐུབ་པ་ལ་ཟེར་གྱི་ཡོད། ལོ་ཆུང་བའི་ནང་ལ་གཟིགས་ན་ཁ་ཤས་ཀྱིས་རང་སྐད་ཐོག་ནས་ཤོད་དུས་འཚེར་སྣང་བྱེད་པ་དང་། ཨིན་ཇིའམ་སྐད་གཞན་གྱི་ཐོག་ནས་ཤོད་དུས་མཚེར་སྣང་ཆུང་བ་བྱེད་པ་དེས་ག་རེ་སྟོན་གྱི་ཡོད་ཅེ་ན། བསམ་བློའི་ psychic ནང་ལ་སྐྱོན་ཞིག་ཞུགས་བསྡད་ཡོད་སྟབས། བསམ་བློ་དེ་བོད་སྐད་ཐོག་ནས་བཏང་སྟེ་སྐད་ཡིག་གཞན་གྱི་ཐོག་ལ་སྐད་ཆ་ཤོད་སྐབས་སྐད་བསྒྱུར་ནས་ཤོད་མཁན་བྱུང་ན་མི་དེ་བོད་པ་རང་ཆགས་ཡོད། བསམ་བློ་དེ་སྐད་ཡིག་གཞན་པ་ཞིག་གི་ཐོག་ནས་བཏང་སྟེ་སྐད་ཆ་ཤོད་དུས་བོད་སྐད་ཐོག་ལ་ཤོད་མཁན་ཞིག་ཡིན་ནའང་། ཁོས་བོད་སྐད་ཤེས་ཀྱི་ཡོད་པ་མ་གཏོགས་མི་དེའི་ཀླད་པ་བོད་པ་ཆགས་མེད། སྒྲ་དང་རྟོག་པ་གཉིས་ཀྱི་འགྲོ་སྟངས་དེ་གཞན་པ་ཞིག་གི་ཐོག་ནས་འགྲོ་བཞིན་ཡོད་པས། དེའི་དབང་གིས་འཛིན་གྲྭ་བཞི་པའི་གོང་ལ་སྐད་ཡིག་གཞན་པ་འགོ་བཙུགས་དང་མ་བཙུགས་ཟེར་བ་དེ་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་དེ་ཚོ་དང་འབྲེལ་བ་ཆེན་པོ་ཆགས་ཡོད་པས་ངེས་པར་དུ་ང་ཚོས་ཤེས་དགོས།
སྤྱི་ཚོགས་ཀྱིས་སློབ་གྲྭ་འགྱུར་བ་གཏོང་ཐུབ་པ་མ་གཏོགས་སློབ་གྲྭས་སྤྱི་ཚོགས་ལ་འགྱུར་བ་གཏོང་ཐུབ་ཀྱི་མ་རེད་ཟེར་བ་དེ་ང་ཚོས་ཆོས་ཚིག་བེད་སྤྱོད་བྱས་ན། ལེ་ལོ་བཞིའི་ནང་ནས་བདག་ཉིད་ལ་བརྙས་པའི་ལེ་ལོ་ཟེར་བ་དེ་རེད། སོ་སོར་བློ་ཁོག་མེད་པ་རེད། དངོས་གནས་བྱས་ན། ཤེས་ཡོན་གྱི་བསྟི་གནས་དེས་སྤྱི་ཚོགས་ལ་ཤེས་ཡོན་གྱིས་ཕར་འགྱུར་བ་གཏང་དགོས་པ་མ་གཏོགས་སྤྱི་ཚོགས་ཀྱིས་ཤེས་ཡོན་ཐག་གཅོད་བྱེད་ཀྱི་མ་རེད། སྤྱི་ཚོགས་ཀྱིས་ཤེས་ཡོན་ཐག་གཅོད་བྱེད་པའི་ལམ་ཁ་ཞིག་ལ་སླེབས་སོང་ན། Macauly ཡི་བསམ་དོན་དེ་གྲུབ་པ་མ་གཏོགས་གཞན་པ་སུ་གང་གི་བསམ་དོན་འགྲུབ་མེད། སློབ་གྲྭའི་ངོས་ནས་སྤྱི་ཚོགས་གློ་བུར་དུ་འགྱུར་བ་གཏོང་ཟེར་བ་དེ་དཀའ་ལས་ཁག་པོ་རེད། དཀའ་ལས་ཁག་པོ་ཡིན་ནའང་ཐབས་ཤེས་བྱེད་དགོས་པ་རེད། ང་ཚོ་བོད་པའི་མ་འོངས་པའི་སོན་རྩ་དེ་སློབ་ཕྲུག་ཚོ་ཡིན་ཞེས་རྟག་པར་ང་ཚོས་ལབ་བསྡད་ཀྱི་ཡོད། མ་འོངས་བོད་ཀྱི་སོན་རྩ་ཞེས་པ་དེ་རྒྱ་གར་ལ་སླེབས་པའི་རྗེས་ཀྱི་ཚིག་གསར་པ་གཅིག་རེད། སོན་རྩ་དེ་ང་ཚོས་བཟོ་ཐུབ་ཀྱི་མ་རེད། སྤྱི་ཚོགས་ཀྱིས་བཟོ་ཡི་རེད་ལབ་ན། དགེ་རྒན་དང་། འཛིན་སྐྱོང་། ཕ་མ་ཚང་མས་སོ་སོའི་ལས་འགན་བྱེད་མ་ཐུབ་པའི་གནས་སྟངས་ཤིག་ལ་ཆ་བཞག་ནས་འགྲོ་མཁན་འདྲ་པོ་ཆགས་སོང་བ་རེད། སྤྱི་ཚོགས་གང་འདྲ་ཞིག་ཡོང་དང་མི་ཡོང་དེ་ཤེས་ཡོན་གྱིས་བྱེད་ཀྱི་རེད། ཤེས་ཡོན་དེ་ང་ཚོས་འདི་ནས་སློབ་ཀྱི་ཡོད་བསམས་པའི་གདེང་ཚོད་དེ་སོ་སོར་དགོས་པ་གལ་ཆེན་པོ་རེད། ད་ལྟ་སློབ་གྲྭས་སྤྱི་ཚོགས་འགྱུར་བ་གཏོང་ཐུབ་ཀྱི་མ་རེད་ཅེས་སྤྱིར་བཏང་བཤད་བསྡད་པ་དེ་ཚོ་དེ་རིང་སང་ཉིན་གྱི་དགེ་རྒན་འོས་སྦྱོང་ནང་ལ་སྐད་ཆ་དེ་ཡོང་གི་ཡོད། དགེ་རྒན་འོས་སྦྱོང་ད་ལྟ་བྱེད་བཞིན་པ་ཚང་མ་ Macauly ཡིས་བཟོས་པ་དེ་ནས་ཡོང་བ་ཤ་སྟག་རེད། དེ་ཡིན་དུས་གནས་ཚུལ་མང་པོའི་ཐོག་ལ་ཕྲུ་གུ་དེ་འདམ་བག་ནང་བཞིན་དང་དགེ་རྒན་དེ་རྫ་མཁན་ནང་བཞིན་རེད་ཅེས་པའི་དཔེ་མཚོན་དེ་དགེ་རྒན་འོས་སྦྱོང་ལ་རྟག་པར་ལབ་ཀྱི་རེད། བྱས་ཙང་འདམ་བག་དེ་སྒོར་སྒོར་བཟོས་ནའང་འགྲིག་གི་རེད། ཕོར་བ་བཟོས་ནའང་འགྲིག་གི་རེད་ཅེས་གང་ལྟར་ག་རེ་བཟོས་བཟོས་རེད་ཅེས་ལབ་ཀྱི་རེད། ངས་སྔོན་ལ་ཞུས་པ་བཞིན་ཕྲུ་གུ་དེ་རྒྱུ་ཆ་རེད་མ་གཏོགས་བཟོ་རྒྱུ་ཚང་མ་དགེ་རྒན་གྱི་ལག་ཏུ་ཡོད་པས་ག་རེ་བཟོས་བཟོས་རེད་བསམས་པའི་བསམ་ཚུལ་དེ་ཚོ་ཚང་མ་གནའ་སྔ་མོའི་བསམ་ཚུལ་རྙིང་པ་ཤ་སྟག་རེད་མ་གཏོགས་དེ་ད་ལྟ་ང་ཚོས་བཟོས་པ་ཞིག་མ་རེད། གང་ལྟར་ང་ཚོས་སྤྱི་ཚོགས་ལ་འགྱུར་བ་གཏོང་ཐུབ་ཀྱི་མེད་ནའང་སྤྱི་ཚོགས་ཀྱི་ནང་ལ་ནོར་འཁྲུལ་ཡོད་པ་དེ་ཚོ་བསྟན་རྒྱུའི་ཐབས་ཤེས་བྱས་ནས་བསྡད་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད། ཀྲིཥྞ་མུརྟིས་དཔེ་ཞིག་འཇོག་གི་རེད། ཆུ་རྒྱུན་གྱི་ལྡོག་ཕྱོགས་ལ་རྐྱལ་རྒྱག་ཐུབ་ཀྱི་མེད་ན། རྐྱལ་དགོས་མ་རེད་ཕྱི་ལ་ཐོན་ཤོག་ཅེས་གསུངས་ཡོད། (stepping out) བྱུང་ན་ནི་ཆུ་རྒྱུན་གྱི་ལྡོག་ཕྱོགས་ལ་བསྐྱལ་རྒྱུ་དང་སྐྱེལ་ཐུབ་ཀྱི་མི་འདུག་ན་ཕྱི་ལོགས་ལ་ཐོན་འགྲོ་རྒྱུ་རེད། ཕྱི་ལོགས་ལ་ཐོན་རྒྱུར་རང་དབང་ཡོད་སྟབས། ཆུ་ཤུགས་ཆེན་པོ་འདུག་ཅེས་དེ་གར་བསྡད་ན་འཁྱེར་འགྲོ་བས་ཡར་ལྡོག་ནས་རྐྱལ་རྒྱག་མ་ཐུབ་པ་ཡིན་ནའང་ཕར་ཐོན་རྒྱུའི་འབད་བརྩོན་དེ་ངེས་པར་དུ་བྱེད་དགོས་ཀྱི་རེད་བསམ།