རྒྱ་གར་ལྷོ་ཕྱོགས་མོན་གོར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་མཛད་འཕྲིན་བསྐྱངས་པ།
དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་ཇི་ལྟར་ཞུས་པ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ ༢༠༡༥ ཕྱི་ཟླ་ ༦ ཚེས་ ༧ ཕྱི་དྲོ་རྒྱ་གར་ལྷ་ཕྱོགས་མོན་གོར་དུ་ཕེབས་འབྱོར་གྱིས་ ༢༠༡༥ ཕྱི་ཟླ་ ༦ ཚེས་ ༨ ཉིན་སྔ་དྲོ་ཚོུད་བརྒྱད་པའི་ཐོག་འབྲས་སྤུངས་བློ་གླིང་གྲྭ་ཚང་གི་མ་འོངས་འཛིན་སྐྱོང་ལྷན་ཚོགས་ཀྱི་སློབ་སྟོན་ཚོགས་འདུའི་ཐོག་མཉམ་ཞུགས་གནང་ཞིང་།
དེའང་ཐོག་མར་བློ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་ནས་ཚོགས་འདུ་འདི་ལྟ་བུ་ཞིག་ཚོགས་དགོས་དོན་དང་། ཚོགས་འདུ་འདིའི་བཏང་འཛིན་མཐའ་དག་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གནང་དགོས་པའི་རེ་སྐུལ་ཞུས། ཨ་རི་ཨེ་མོ་རི་གཙུག་ལག་སློབ་ཁང་གི་སློབ་དཔོན་བློ་བཟང་བསྟན་འཛིན་ནེ་གཱི་མཆོག་ནས་ཚོགས་འདུའི་དམིགས་ཡུལ་རྣམས་ངོ་སྤྲོད་གནང་། དེ་ནས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་གྲྭ་ཚང་གི་འཛིན་སྐྱོང་གི་ཁྲིམས་སྒྲིག་གསར་བཟོ་གནང་སྐབས་ཕྱག་རྒྱ་ལྟ་བུ་དེ་སྡེ་སྣོད་གསུམ་དང་མི་འགལ་བ་དང་། ལྷག་པར་འདུལ་བ་དང་མི་འགལ་བ། ཐོས་བསམ་སློབ་གཉེར་གྱི་མཐུན་རྐྱེན་དུ་འགྲོ་དང་མི་འགྲོ་གཟིགས་དགོས་པ། དེ་བཞིན་གནས་ཚང་གི་ཡུལ་ཁྲིམས་དང་མི་འགལ་བ། ལོག་འཚོ་དང་མ་འདྲེས་པ་བཅས་དགོས་ཚུལ་སོགས་ཁྲིམས་དང་སྒྲིག་གཞིའི་གནས་སྟངས་སྐོར་རྒྱས་པར་གསུངས། དེ་ནས་རིན་པོ་ཆེས་དགོངས་འཆར་ཡོད་ན་གསུང་དགོས་གསུངས་པ་བཞིན་ཉིན་རྒྱབ་བར་ཚོགས་ཞུགས་པ་རྣམས་ཀྱིས་ད་ལྟའི་དཀའ་ངལ་དང་འབྱུང་འགྱུར་འཆར་སྣང་སྐོར་མང་ཙམ་གསུངས།
ཚོགས་འདུའི་ཐོག་༧སྐྱབས་རྗེ་ཀརྟི་རིན་པོ་ཆེ་མཆོག་དང་། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག ཨི་མོ་རི་གཙུག་ལག་སློབ་ཁང་གི་སློབ་དཔོན་བློ་བཟང་བསྟན་འཛིན་ནེ་གཱི་མཆོག དྷ་ས་དཔེ་མཛོད་འགན་འཛིན་ལྷག་རྡོར་མཆོག དྷ་ས་རིག་སློབ་འགན་འཛིན་སྤྱི་མཐུས་སྐལ་བཟང་དགྲ་འདུལ་མཆོག ཨེ་མོ་རི་གཙུག་ལག་སློབ་ཁང་གི་དགེ་བཤེས་དགྲ་འདུལ་མཆོག་སོགས་དང་། དེ་བཞིན་བློ་གླིང་གྲྭ་ཚང་གི་མཁན་ཟུར་རིན་པོ་ཆེ་རྣམ་པ་དང་། དཔེ་ཁྲིད་དགེ་རྒན། ཕྱག་མཛོད་རྣམ་པ། ཁང་ཚན་དགེ་རྒན་སོགས་གནད་ཡོད་ཐམས་ཅད་འདུ་འཛོམས་འདུག
དེ་ནས་ཚོགས་འདུའི་གཙོ་སྐྱོང་བ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཕྱི་དྲོ་འདིར་ཕེབས་མཁས་དབང་རྣམ་པ་དང་ལྷན་འཛོམས་ཀྱིས་ད་ལྟའི་དགོངས་ཚུལ་གསུངས་པ་རྣམས་བློ་ཡུལ་དུ་བཞག་སྟེ་སང་ཉིན་སྔ་དྲོའི་ཚོགས་ཐེངས་ཐོག་འཛིན་སྐྱོང་གི་སྒྲོམ་གཞི་རགས་ཟིན་ཞིག་སྤྱན་འབུལ་ཞུ་རྒྱུ་གནང་འདུག
༢༠༡༥ ཕྱི་ཟླ་ ༦ ཚེས་ ༩ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཚོགས་འདུ་དབུ་འཛུགས་ཀྱིས་གྲྭ་ཚང་གི་འཛིན་སྐྱོང་ཚགས་ཚུད་དང་རྒྱུན་གནས་ཡོང་ཐབས་ཆེད་འཛིན་སྐྱོང་གི་སྒྲོམ་གཞི་རགས་ཟིན་དེ་སྤྱན་འབུལ་གྱིས་འགྲེལ་བརྗོད་རྒྱས་པར་གནང་། དེ་ནས་དེའི་ཐོག་ཉིན་ཧྲིལ་པོར་ཚོགས་ཞུགས་པ་རྣམས་ཀྱིས་དགོངས་འཆར་གནང་བའི་བར་བར་དུ་རིན་པོ་ཆེས་གསལ་བཤད་དང་འགྲེལ་བརྗོད་སོགས་གནང་དགོས་རྣམས་གནང་བ་མ་ཟད། མཇུག་བསྡོམས་སུ་སྒྲོམ་གཞི་འདིའི་ཐོག་ད་རིང་དགོངས་འཆར་ཕེབས་པ་བསྣན་དགོས་རྣམས་བསྣན་ཏེ་སང་ཉིན་སྒྲོམ་གཞི་རྒྱས་ཙམ་སྤྱན་འབུལ་ཞུ་རྒྱུ་གནང་འདུག
༢༠༡༥ ཕྱི་ཟླ་ ༦ ཚེས་ ༡༠ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ས་བཅད་དང་ཕྱིའི་ཁོག་པ་ལྟ་བུ་འགྲིགས་རུང་། ནང་གསེས་རྒྱས་པ་ད་ལྟ་བསྒྲིག་རྒྱུ་ཡིན་ཚུལ་སོགས་རྒྱས་པར་འགྲེལ་བརྗོད་གནང་སྟེ། འཛིན་སྐྱོང་གི་སྒྲོམ་གཞིའི་དཔེ་རིས་དང་གཤམ་གསལ་གནད་དོན་ཁག་སྤྱན་འབུལ་ཞུས་འདུག
༡། གྲྭ་ཚང་སྤྱིའི་བཅའ་ཡིག
༢། དགེ་འདུན་འདུས་སྤྱིའི་ཚོགས་ཆེན་གྱི་གྲུབ་ཆ་དང་འགན་དབང་།
༣། དབུས་འགན་འཛིན་ལྷན་ཚོགས་ཀྱི་འགན་དབང་དང་ཚོགས་མི་བསྐོ་གཞག་བྱེད་ཕྱོགས།
༤། ཕྱག་མཛོད་ཀྱི་འོས་ཆོས་དང་འགན་དབང་། ལས་དོན་ཞུ་ཕྱོགས་ཀྱི་ལམ་སྟོན།
༥། སྔོན་རྩིས་འགོད་འབུལ་གྱི་ལམ་སྟོན།
༦། ཤེས་ཡོན་ལྷན་ཚོགས་ཀྱི་འགན་དབང་དང་ཚོགས་མི་བསྐོ་གཞག་བྱེད་ཕྱོགས།
༧། སྤྱི་ཁྱབ་དྲུང་ཆེའི་འོས་ཆོས་དང་ཆ་རྐྱེན་གཏན་འབེབས།
༨། ལས་བྱེད་བསྐོ་ཕྱོགས་དང་ལས་བྱེད་བླང་དོར་སྒྲིག་གཞི།
༩། འོས་བསྡུའི་སྒྲིག་གཞི།
༡༠། དེབ་སྐྱེལ་ཅན་གྱི་ཚོགས་སྡེ་གཞན་གྲྭ་ཚང་ཨ་མར་ཟླ་བསྒྲིལ་རིམ་པས་བྱེད་ཐབས་ཞིབ་འཇུག་གིས་ལས་འཆར་བསྒྲིག་རྒྱུ་བཅས།
དེ་ནས་རིན་པོ་ཆེས་གོང་གསལ་ནང་མ་ཚུད་པ་ཡོད་ན་དགོངས་འཆར་གནང་དགོས་གསུངས་པ་བཞིན་མང་པོ་ཞིག་གི་དགོངས་འཆར་དང་དྭོགས་འདྲི་སོགས་ཞུས་པར། རིན་པོ་ཆེས་རིམ་བཞིན་གསལ་བཤད་དང་ལམ་སྟོན་སོགས་གནང་དགོས་རྣམས་རྒྱས་པར་གནང་སྟེ། འཛིན་སྐྱོང་གི་སྒྲོམ་གཞི་རྒྱས་པ་རྗེས་སུ་ཟིན་བྲིས་ཀྱིས་འབུལ་མཚམས་སླར་ཡང་དེའི་ཐོག་བགྲོ་གླེང་གནང་ཆོག་ཅེས་གསུངས་ཏེ་རེ་ཞིག་ཚོགས་འདུ་གྲུབ།
༢༠༡༥ ཕྱི་ཟླ་ ༦ ཚེས་ ༡༠ ཉིན་ཕྱི་དྲོ་ཚོུད་ ༧།༡༥ ཐོག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་འདུས་མང་ཡོངས་ལ་འདས་པའི་ཉིན་གསུམ་རིང་ཚོགས་པའི་མ་འོངས་འཛིན་སྐྱོང་ལྷན་ཚོགས་ཀྱི་སློབ་སྟོན་ཚོགས་འདུའི་ནང་བྱུང་བའི་འཛིན་སྐྱོང་ཚགས་ཚུད་དང་རྒྱུན་གནས་ཡོང་ཐབས་ཆེད་འཛིན་སྐྱོང་གི་སྒྲོམ་གཞི་རགས་ཟིན་ཞིག་བཟོས་པ་དེའི་རྒྱབ་ལྗོངས་དང་། དེའི་དགོས་པ། དེའི་ནང་དོན་སོགས་ཀྱི་ཐོག་གསུང་བཤད་རྒྱས་པར་གནང་འདུག
༢༠༡༥ ཕྱི་ཟླ་ ༦ ཚེས་ ༡༡ སྔ་དྲོ་བློ་གླིང་མི་ཉག་ཁམས་ཚན་དུ་གདན་འདྲེན་ཞུས་པ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཁམས་ཚན་གྱི་འདུས་མང་ཡོངས་ལ་སྤྱིར་བསླབ་པ་སློབ་གཉེར་གལ་ཆེ་ཚུལ་དང་། ལྷག་པར་དུ་སྙིགས་མ་ལྔ་བདོའི་དུས་ངན་འདི་ལྟ་བུའི་ནང་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་སངས་རྒྱས་ཀྱི་བསྟན་པ་ལ་བསླབ་པ་སློབ་གཉེར་གནང་རྒྱུ་བྱུང་བ་ཇི་ཙམ་སྐལ་བ་དང་ལྡན་པ་ཡིན་ཚུལ། གོ་སྐབས་དེ་ཆུད་ཟོས་སུ་མི་གཏོང་བ་དགོས་ཚུལ་སོགས་བླང་དོར་གསུང་བཤད་གནང་འདུག
དེ་ནས་སློབ་དཔོན་ཟམ་གདོང་རིན་པོ་ཆེས་མི་ཉག་ཁམས་ཚན་གྱི་ཚོགས་ཁང་དུ་ཨ་རི་ཨར་ཀན་སས་གཙུག་ལག་སློབ་ཁང་གི་སློབ་གཉེར་བ་རྣམས་དང་བགྲོ་གླེང་གི་ལས་རིམ་དུ་ཞུགས་ཏེ། སློབ་གཉེར་བ་རྣམས་ཀྱིས་འཚེ་མེད་ཞི་བ་དང་། བཟང་སྤྱོད་ཀྱི་ཤེས་ཡོན། ཕྲུ་གུར་སློབ་སྟོན་ཐབས་ལམ། ལེགས་བྱང་སོགས་ཀྱི་ཐོག་དྲི་བ་སྣ་ཚོགས་ཞུས་པར་ལན་འདེབས་རྒྱས་པར་གནང་འདུག
དེ་རྗེས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱིས་གསོལ་བ་བཏབ་པ་བཞིན་ཕེབས་བསྐྱོད་ཀྱིས་རྒྱལ་སྲས་སྤྲུལ་སྐུ་རྣམས་ལ་ལམ་སྟོན་གསུང་བཤད་དང་དྲི་བར་ལན་འདེབས། ཕྱི་དྲོ་སྤྲུལ་སྐུ་རྣམ་པའི་ལྷན་དུ་བླ་མ་མཆོད་པའི་ཚོགས་ཕུལ་བ་བཅས་གནང་འདུག
༢༠༡༥ ཕྱི་ཟླ་ ༦ ཚེས་ ༡༢ ཉིན་སྔ་དྲོ་ཇི་ལྟར་ཞུས་པ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་རབ་གསལ་ཚོགས་ཁང་དུ་ཨ་རི་ཨེ་མོ་རི་གཙུག་ལག་སློབ་ཁང་གི་སློབ་གཉེར་བ་རྣམས་ཀྱི་ལྷན་དུ་བགྲོ་གླེང་ལས་རིམ་དུ་མཉམ་ཞུགས་ཀྱིས་ཐོག་མར་སློབ་དཔོན་བློ་བཟང་བསྟན་འཛིན་ནེ་གཱི་མཆོག་ནས་རིན་པོ་ཆེའི་ངོ་སྤྲོད་གནང་རྗེས། རིན་པོ་ཆེས་གསུང་བཤད་མདོར་བསྡུས་དང་འབྲེལ་དགེ་སློབ་རྣམས་ཀྱིས་ནང་ཆོས་དང་ཚན་རིག འཕྲུལ་ལས་བེད་སྤྱོད་སྐོར། བོད་དོན་སྐོར་སོགས་ལས་འཕྲོས་པའི་དྲི་བ་སྣ་ཚོགས་ཞུས་པར་ལན་འདེབས་རྒྱས་པར་གནང་འདུག
དེའི་ཕྱི་དྲོ་མོན་གོར་ནས་སྦེལ་ཀོབ་ཕྱོགས་སུ་ཆིབས་ཐོན་གནང་འདུག