ཡོ་རོབ་རྒྱལ་ཁབ་གསུམ་ནང་འཚམས་གཟིགས་གནང་བ།

༄༅། །འཇར་མན་ཧི་སིན་མངའ་སྡེའི་སྲིད་སྐྱོང་མཆོག་དང༌། ནོར་ཝེའི་གཞུང་གི་འབྲེལ་ཡོད་དབུ་ཁྲིད་ནས་གཞུང་འབྲེལ་མགྲོན་འབོད་གནང་བ་བཞིན་རང་གཞུང་བཀའ་བློན་ཁྲི་པ་སློབ་དཔོན་ཆེན་པོ་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་ཕྱི་ལོ་ ༢༠༠༦ ཕྱི་ཟླ་ ༧ ཚེས་ ༡༨ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཡོ་རོབ་ཏུ་ཕེབས་ཐོན་གནང་སྟེ་ཡོ་རོབ་ཀྱི་རྒྱལ་ཁབ་འཇར་མན་དང༌། ཕ་རན་སི། ནོར་ཝེ་བཅས་ནང་གཞུང་འབྲེལ་འཚམས་འདྲིར་ཕེབས་ཏེ་འཚམས་འདྲིའི་གནང་སྒོ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད་པ་རེད།

ཕྱི་ཚེས་ ༢༠ ཉིན་བཀའ་ཁྲི་མཆོག་འཇར་མན་གྱི་མངའ་སྡེ་ཧི་སིན་གྱི་རྒྱལ་སར་ཕེབས་འབྱོར་སྐབས་མངའ་སྡེའི་ སྲིད་སྐྱོང་ལས་ཁུངས་ཀྱི་སྐུ་ཚབ་ནས་བསུ་བ་གཟབ་རྒྱས་ཞུས་ཏེ་བཀའ་ཁྲི་མཆོག་འཇར་མན་རྒྱལ་ཁབ་ནང་ཕེབས་པར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུས་ཡོད་པ་རེད། ཕྱེད་ཡོལ་བཀའ་ཁྲི་མཆོག་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས། ཡོ་རོབ་ཁུལ་གནས་རང་གཞུང་གི་ཐབས་བྱུས་བློ་འདྲི་ཞུ་ཡུལ་ཁག་ཅིག་དང་མཇལ་འཕྲད་ཐོག་དགོངས་འཆར་བརྗེ་ལེན་རྒྱ་ཆེ་དང་འབྲེལ་རང་གཞུང་བཀའ་ཤག་ནས་ལས་དོན་བཀོད་མངགས་གནང་འོས་ཁག་འཐུས་ནན་གནང་འདུག
ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་བཀའ་ཁྲི་མཆོག་འཇར་མན་ཧི་སིན་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་རོ་ལན་ཁོཀ་ནས་གཞུང་འབྲེལ་གསོལ་ཇའི་སྣེ་ལེན་རྒྱ་ཆེའི་ཐོག་སྲིད་སྐྱོང་མཆོག་གིས་དབུས་གནད་ཡོད་ཁག་ཅིག་དང་ལྷན་གཙོ་བོ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་བདེན་རྒྱབ་ལས་འགུལ་དང༌། བོད་རྒྱ་ཞི་མོལ་ཡོང་ཐབས་གཙོ་བོར་གྱུར་པའི་ཆབ་སྲིད་ཐབས་བྱུས་སྐོར་དགོངས་འཆར་བརྗེ་ལེན་རྒྱ་ཆེ་གནང༌། སྐུ་ཞབས་རོ་ལན་ཁོཀ་མཆོག་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོར་དད་འདུན་གཡོ་བ་མེད་པའི་བོད་གྲོགས་དམ་པ་ཞིག་དང༌། རྒྱ་ནག་གནད་དོན་ཐོག་མཁྱེན་པ་རྒྱས་པའི་ནུབ་ཕྱོགས་པའི་སྲིད་དོན་པ་གྲགས་ཅན་ཞིག་ཡིན། ཁོང་གིས་ཟླ་བ་གཉིས་ཀྱི་གོང་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ཙམ་ཡིན་པ་རེད། དེ་གའི་གནང་སྒོ་ཁག་ཟིན་བསྟུན་བཀའ་ཁྲི་མཆོག་ཕ་རན་སིའི་ནང་གནས་གཞི་བྱས་པའི་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་ཆོས་ཚོགས་ཆེན་པོ་རིག་པ་ཆོས་ཚོགས་ནས་མགྲོན་འབོད་གནང་བ་བཞིན་ཕ་རན་སིར་ཕེབས་ཐོན་གནང་སྟེ་རིག་པ་ཆོས་ཚོགས་ཀྱི་མ་དགོན་ལས་རབ་གླིང་དུ་ཕེབས་འབྱོར་སྐབས་ཆོས་ཚོགས་ཀྱི་བསྟན་བདག་བསོད་རྒྱལ་རིན་པོ་ཆེ་མཆོག་དང༌། འབྲེལ་ཡོད་འགན་ཁུར་བ་རྣམས་ནས་སྲི་ཞུ་ཆེན་པོས་གུས་བསུ་གཟབ་རྒྱས་ཀྱི་སྣེ་ལེན་གནང་སྟེ་ཕྱི་ཚེས་ ༢༢ ནས་དུས་ཡུན་ཉིན་བཞིའི་རིང་ཕ་རན་སིར་སྐུ་བཞུགས་གནང་རིང་ཕྱི་ཚེས་ ༢༢ ཉིན་རིག་པ་ཆོས་ཚོགས་ནས་གོ་སྒྲིག་གནང་བ་བཞིན་འཛམ་གླིང་རྒྱལ་ཁབ་ཉི་ཤུ་བརྒལ་བ་ནས་འདུས་པའི་ཆོས་ཚོགས་ཀྱི་ཁོངས་མི་མི་གྲངས་ ༢༤༠༠ བརྒལ་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཆོས་སྲིད་མཛད་འཕྲིན་ལས་བརྩམས་ཏེ་གསུང་བཤད་རྒྱ་ཆེ་ཞིག་གནང་བའི་ནང་གཙོ་བོ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཁྲི་མཆོག་སྐུ་ཆུང་ངུའི་དུས་ནས་ཐུགས་རྗེས་འཛིན་ཅིང་ཆོས་ཕྱོགས་ནས་བཀྲིན་གསུམ་ལྡན་གྱི་རྩ་བའི་བླ་མར་གྱུར་ཏེ་རྗེས་འཛིན་གྱི་བཀྲིན་ལས་བརྩམས་ཏེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་དང༌། ཡང་བཀའ་ཁྲི་མཆོག་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཞབས་རྡུལ་སྤྱི་བོས་མཆོད་དེ་འདས་པའི་ལོ་བཞི་བཅུ་ལྷག་ཙམ་རིང་བཙན་བྱོལ་ནང་ྋགོང་ས་མཆོག་གི་བཀའ་དགོངས་ལྟར་ཆབ་སྲིད་དང༌། སྤྱི་ཚོགས་སྲི་ཞུའི་ཞབས་འདེགས་རྣམ་དག་བསྒྲུབས་པའི་མྱོང་ཚོར་དངོས་ཀྱི་ཐོག་ནས་ཕྱི་ནང་ཆབ་སྲིད་ཀྱི་མཛད་འཕྲིན་སྐོར། གཞན་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུན་མོང་གི་རིག་པའི་གཞུང་ལུགས་ཀྱི་མཁྱེན་རླབས་དང༌། ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་ཀྱི་མཁྱེན་སྟོབས། ལྷག་པར་འདས་པའི་ལོ་ཉི་ཤུ་ལྷག་ཙམ་རིང་ནུབ་ཕྱོགས་པའི་ཚན་རིག་གི་རིག་གནས་རྣམ་གྲངས་ཁག་ལ་མཁྱེན་སྟོབས་ཀྱི་རྒྱལ་ས་འཛིན་པ་སོགས་རླབས་ཆེན་མཛད་འཕྲིན་སྐོར་གསུང་བཤད་རྒྱ་ཆེ་ཞིག་གནང་བར་ཆོས་ཚོགས་ཀྱི་ཁོངས་མི་དེ་དག་ལ་བསམ་བརྗོད་ལས་འདས་པའི་བག་ཆགས་ཁྱད་པར་བསྐྲུན་ཐུབ་པའི་དགེ་ཕན་ཆེན་པོ་བྱུང་འདུག
ཕྱི་ཚེས་ ༢༣ ཉིན་བཀའ་ཁྲི་མཆོག་གིས་གོང་གསལ་ཆོས་ཚོགས་ཁོངས་མི་དེ་དག་ལ་ནང་པའི་ལྟ་གྲུབ་དང༌། གྷན་དིའི་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ཕན་ཚུན་ལྟོས་གྲུབ་རང་བཞིན་དང༌། འཚེ་བ་མེད་པའི་ལྟ་གྲུབ་ལ་བརྟེན་འཇིག་རྟེན་སྤྱི་སྨན་གྱི་སྲི་ཞུ་དང༌། མི་ཚེའི་རིན་ཐང་ལ་སྨན་པའི་ཕན་འབྲས་སྐོར་གསུང་བཤད་རྒྱ་ཆེ་གནང་བར་དགའ་བསུ་ཆེན་པོ་ཞུས། རིག་པ་ཆོས་ཚོགས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཚན་ཐོག་ཏུ་དགེ་སྦྱོར་ཞུས་པའི་ྋརྒྱལ་དབང་བསྟན་འཛིན་རྒྱ་མཚོའི་དགེ་རྩ་ཞེས་པའི་ཐེབས་རྩའི་ལས་དོན་ཐོག་དགོངས་འཆར་ལྷུག་གླེང༌། བོད་ཀྱི་ཆོས་དང་རིག་གཞུང་དང་རྩ་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་བོད་གྲོགས་ཁག་ཅིག་ལ་མཇལ་མོལ། ཡོ་རོབ་སྤྱི་མཐུན་དང་འབྲེལ་མཐུད་ལས་ཁང་གི་ལས་དོན་སྙན་ཞུ་གསན་ཞིབ་དང་འབྲེལ་ལས་དོན་བཀོད་སྒྲིག རིག་པ་ཆོས་ཚོགས་ཀྱི་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་ལས་དོན་གྱི་སྙན་ཞུ་གསན་ཞིབ་ཐོག་རང་གཞུང་གི་ཐུགས་འདུན་སྐོར་གསུང་བཤད། ཆོས་ཚོགས་ཀྱི་སྡེ་ཚན་ཁག་ཅིག་ལ་གཟིགས་སྐོར་བཅས་ཕ་རན་སིའི་གནང་སྒོ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་གནང་ཡོད།
ཕྱི་ཚེས་ ༢༦ ཉིན་གྱི་ཐོ་རེངས་ཆུ་ཚོད་ ༤།༣༠ ཐོག་ཕ་རན་སི་ནས་ནོར་ཝེ་རྒྱལ་ཁབ་ལ་ཕེབས་ཐོན་གནང་སྟེ་དེ་ཉིན་ཕྱེད་ཡོལ་ནོར་ཝེའི་རྒྱལ་ས་ཨོ་སོ་ལོར་ཕེབས་འབྱོར་གནང་སྐབས་ནོར་ཝེ་གཞུང་གི་འབྲེལ་ཡོད་དཔོན་རིགས་ནས་བསུ་བ་གཟབ་རྒྱས་ཞུས། ནོར་ཝེ་རྒྱལ་སར་དུས་ཡུན་ཉིན་གཉིས་བཞུགས་རིང་ཕྱི་ཚེས་ ༢༧ ཉིན་ནོར་ཝེ་རྒྱལ་ཁབ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་དང༌། ཁྲིམས་ལུགས་དང༌། རིག་གནས། ཚོང་དོན། འགྲོ་བ་མིའི་ཐོབ་ཐང༌། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཁྱབ་ཁོངས་ནང་མཉམ་ལས་བཟང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད་པར་བརྟེན་ལས་འཆར་དེ་དག་དང་འབྲེལ་ཡོད་རྒྱ་ནག་ཐོག་མཁས་པའི་ཆེད་ལས་རིགས་གཅིག་རྐང་འཛིན་པ་སྤྱི་སྒེར་མང་པོ་ཞིག་ཡོད་པ་ཁག་ཅིག་ནས་བཀའ་ཁྲི་མཆོག་གི་མཇལ་འཕྲད་སྔ་རྗེས་ཞུས་ཏེ་རྒྱ་ནག་གི་བསྒྱུར་བཅོས་གོང་སྤེལ་གྱི་གནད་དོན་སྤྱི་དང༌། ལྷག་པར་བོད་གཙོ་བོར་གྱུར་པའི་མི་རིགས་ཀྱི་གནད་དོན་ཐོག་གི་དཀའ་ངལ་སེལ་ཐབས་སུ་ཁོང་ཚོའི་གཟིགས་ཚུལ་མང་པོ་ཞིག་སྙན་ཞུ་གནང་བར་མ་ཟད། རང་གཞུང་གི་མཛད་ཕྱོགས་དང་ཐུགས་འདུན་སྐོར་བཀའ་དྲི་ཞུས་པར་གཞི་རྒྱ་ཆེ་བའི་དགོངས་འཆར་བརྗེ་ལེན་གནང་སྟེ་གཉིས་ཕན་གྱི་དགེ་ཕན་ཤུགས་ཆེ་ཞིག་བྱུང་འདུག
ཕྱི་ཚེས་ ༢༨ ཉིན་ནོར་ཝེ་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་དབུ་ཁྲིད་ཁག་ནས་སྣེ་ལེན་རྒྱ་ཆེ་གནང་བར་མ་ཟད། དབུ་ཁྲིད་ཁག་བར་བོད་དོན་རྒྱབ་སྐྱོར་གྱི་རྒྱལ་སྤྱིའི་དུས་བབ་དང༌། བོད་རྒྱ་གཉིས་བར་དོན་ཕན་ལྡན་པའི་ཞི་མོལ་ཡོང་ཐབས་ལ་སྨན་པའི་ཐབས་བྱུས་སྐོར་དགོངས་འཆར་བརྗེ་ལེན་རྒྱ་ཆེ་གནང་སྟེ་འཚམས་འདྲིའི་གནང་སྒོ་ཁག་སྔོན་དཔག་ལས་བརྒལ་བའི་གྲུབ་འབྲས་བྱུང་སྟེ་ཡོ་རོབ་རྒྱལ་ཁབ་གསུམ་གྱི་གནང་སྒོ་ཁག་ཟིན་ཏེ་ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོ་རྒྱ་གར་ལ་ཕྱིར་ཕེབས་གནང་ཡོད་པ་རེད།
ཕྱི་ཚེས་ ༣༠ ཉིན་གྱི་མཚན་གྱི་ཆུ་ཚོད་ ༡༢།༣༠ ཐོག་ལྡི་ལིར་ཕེབས་འབྱོར་གནང་སྟེ་དོན་ཁང་དུ་ཆུ་ཚོད་ ༢ རིང་སྐུ་ངལ་གནང་རྗེས་ཅན་དི་གྷར་དུ་རྒྱ་གར་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ཞིག་ནས་རྒྱ་གར་གྱི་སྲིད་འཛིན་སྐུ་གཞོན་འདས་པོ་ཀྲིཥ྄ཎཀཱནྟ་མཆོག་གི་རྗེས་དྲན་ཆེད་ཛྲགོ་ལ་གཅིག་གྱུར་དང་རིག་གཞུང་ཛྲ ཞེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་རྒྱ་ཆེ་ཞིག་གནང་བའི་སྐུ་མགྲོན་དུ་ཕེབས་ཏེ་རྒྱ་གར་གྱི་སྤྱི་ཚོགས་ཞི་བའི་ལས་འགུལ་སྒྲིག་འཛུགས་ཁག་གི་འགན་ཁུར་བ་དང༌། གྲགས་ཅན་མི་སྣ་གྲངས་ ༥༠ བརྒལ་བ་དང༌། རང་རིགས་དང་ཧི་མཱ་ལ་ཡའི་སློབ་གཉེར་བ་སོགས་མི་གྲངས་ ༡༠༠ ཉེ་བར་འཚམས་འདྲི་དང་འབྲེལ་གསུང་བཤད་རྒྱ་ཆེ་གནང་འདུག ཕྱེད་ཡོལ་ཅན་དི་གྷར་དུ་སློབ་གཉེར་གནང་བཞིན་པའི་རང་རིགས་སློབ་གཉེར་བ་གྲངས་ ༣༠ བརྒལ་བར་ཐུག་འཕྲད་གནང་བར་མ་ཟད། མི་ཚེ་དོན་སྙིང་སྐོར་གསུང་བཤད་སྙིང་བསྡུས་གནང་རྗེས་ཌེ་ཌོན་དུ་ཕེབས་ཐོན་གནང༌།
ཕྱི་ཟླ་ ༨ ཚེས་ ༡ ཉིན་དཔལ་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་འཛིན་པ་རྣམས་ནས་དཔལ་འབྲི་གུང་པའི་བསྟན་བདག་ྋསྐྱབས་རྗེ་འབྲི་གུང་ཆེ་ཚང་རིན་པོ་ཆེར་བཀྲིན་རྗེས་དྲན་དང་འཁྲུངས་སྐར་ལ་རྟེན་འབྲེལ་གྱི་དུས་ཡུན་ཉིན་གཉིས་ཀྱི་བྱེད་སྒོ་རྒྱ་ཆེ་ཞིག་གནང་བའི་སྐུ་མགྲོན་དུ་མགྲོན་འབོད་གནང་བ་བཞིན་དེ་ཉིན་སྔ་དྲོ་སྲོང་བཙན་དཔེ་མཛོད་ཁང་དུ་མངའ་སྡེའི་སྲིད་སྐྱོང་དབུ་བཞུགས་ཐོག་ྋསྐྱབས་རྗེ་ཆེ་ཚང་རིན་པོ་ཆེའི་བཀྲིན་རྗེས་དྲན་དང་འབྲེལ་བའི་མཁས་པའི་བགྲོ་གླེང་ཐོག་ཕེབས་ཞུགས་གནང་བ་དང༌། ཕྱེད་ཡོལ་འབྲི་གུང་བྱང་ཆུབ་ཆོས་གླིང་དགོན་པར་འཁྲུངས་སྐར་ལ་རྟེན་འབྲེལ་གྱི་ཕྱི་ལུགས་མཛད་སྒོ་རྒྱ་ཆེ་ཞིག་གནང་བའི་སྐུ་མགྲོན་དུ་ཕེབས་ནས་དཔལ་འབྲི་གུང་བསྟན་བདག་ྋསྐྱབས་རྗེ་ཆེ་ཚང་རིན་པོ་ཆེ་མཆོག་དང༌། ཆོས་བརྒྱུད་འཛིན་པའི་སེར་སྐྱ་ཡོངས་ལ་རང་གཞུང་གི་འཚམས་འདྲི་དང་འབྲེལ་ཆེ་ཚང་རིན་པོ་ཆེའི་བོད་བསྟན་སྲིད་དང་བསྟན་འགྲོའི་འགྲོ་དོན་གྱི་རྨད་བྱུང་མཛད་འཕྲིན་ཁག་ལ་རྗེས་སུ་ཡི་རངས་དང་འབྲེལ་བཀྲིན་རྗེས་དྲན་གྱི་བསྔགས་བརྗོད་རྒྱ་ཆེ་གནང་བ་དང༌། སླད་ཀྱང་སྔར་བས་སྐུ་ཚེ་མི་འཇིག་རྡོ་རྗེའི་ཁམས་སུ་བརྟན་ཅིང༌། བསྟན་འགྲོའི་ཐུགས་བཞེད་མ་ལུས་པ་ལྷུན་གྱིས་འགྲུབ་པའི་གསོལ་འདེབས་ཀྱི་གསུང་བཤད་རྒྱ་ཆེ་གནང་རྗེས་ཉིན་རྗེས་མའི་རང་གཞུང་གི་གནང་སྒོ་ཁག་ཆོས་རིག་དྲུང་ཆེར་བཀོད་མངགས་གནང་སྟེ་དོ་ནུབ་བཞུགས་སྒར་ལ་ཕེབས་ཐོན་གནང་སྟེ་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་བཞུགས་སྒར་དུ་ཕེབས་འབྱོར་གནང་ཡོད་པ་རེད།།