དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཟབ་ཆོས་བདུད་རྩིའི་བཀའ་དྲིན་བསྐྱངས་པ།
དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༦ ནས་ཟླ་༤ཚེས་༡༥བར་ཉིན་གྲངས་ཉི་ཤུ་ལྷག་ཙམ་རིང་རྒྱ་གར་བྱང་ཕྱོགས་བཞུགས་སྒར་དྷ་རམ་ས་ལའི་ཉེ་འགྲམ། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་༧སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དད་ལྡན་ཆོས་ཞུ་བ་ ༡༠༠༠ ཙམ་ལ། ཉིན་ལྟར་ཕྱི་དྲོའི་ཕྱག་ཚོད་ ༡ ནས་ ༥ དང་ཕྱེད་ཀ་བར་དཀའ་ཆེན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་༼བླ་མ་མཆོད་པའི་ཁྲིད་ཡིག་གསང་བའི་གནད་རྣམ་པར་ཕྱེ་བ་སྙན་རྒྱུད་མན་ངག་གི་གཏེར་མཛོད་༽ཅེས་བྱ་བ་དང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་། བྱ་བྲལ་ཚུལ་ཁྲིམས་ཉི་མ་བཅས་ཀྱིས་མཛད་པའི་༼ཕྱག་ཆེན་རྩ་བ་རྒྱལ་བའི་གཞུང་ལམ་དང་། རྒྱས་པར་བཤད་པ་ཡང་གསལ་སྒྲོན་མེ། ཤེས་རབ་དང་བདག་འཛིན་གཉིས་ཀྱི་གཤགས་འདེབས། ཕྱག་ཆེན་གྱི་འཁྲིད་མན་ངག་ཞལ་ཤེས་དང་བཅས་པའི་ཁ་ཆེམས་རླུང་ལ་བསྐུར་བའི་འཕྲིན་ཡིག་༽བཅས་ལྗགས་ཁྲིད་གནང་ཡོད་པ་རེད།
༢༠༡༤ ཕྱི་ཟླ་ ༤ ཚེས་ ༡༥ ཉིན་མཐའ་མ་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་སྔ་དྲོ་རྗེ་ཚེ་འཛིན་མའི་ཚེ་དབང་གནང་བ་མ་ཟད། གྲྭ་ཚང་ནས་བླ་མ་མཆོད་པ་དང་འབྲེལ་བའི་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། སྐབས་དེར་སེར་སྐྱ་མི་མང་སྟོང་ཕྲག་ལྷག་ཪིན་པོ་ཆེ་མཆོག་གི་ཚེ་དབང་དང་བརྟན་བཞུགས་ལ་འདུ་འཛོམས་བྱུང་ཡོད་པ་རེད།
དེ་ཡང་རིན་པོ་ཆེ་མཆོག་གིས། མི་ལུས་རིན་པོ་ཆེ་འདི་ཡིད་བཞིན་ནོར་བུ་ལས་ལྷག་པ་ཡིན་ཟེར་གྱི་ཡོད། ཡིད་བཞིན་ནོར་བུས་ཆ་ཙམ་ཡང་བསྒྲུབ་མི་ཐུབ་པའི་གནས་སྐབས་དང་མཐར་ཐུག་གི་མངོན་འདོད་མང་པོ་ཞིག་རང་རྒྱུད་ཀྱི་ལུས་རྟེན་འདིས་བསྒྲུབ་ཐུབ་ཀྱི་ཡོད། ཡིད་བཞིན་ནོར་བུས་ཚེ་འདིའི་བདེ་སྐྱིད་ཙམ་ལས་ཐ་ན་སྐྱེ་བ་ཕྱི་མ་ངན་སོང་ལ་མི་ལྷུང་བའི་མངོན་འདོད་དེ་ཡང་བསྒྲུབ་རྒྱུ་མེད། ལས་དང་ཉོན་མོངས་ཀྱི་གཞན་དབང་དུ་གྱུར་བའི་གང་ཟག་ཅིག་ལ་ལས་ཉོན་ཀྱི་གཞན་དབང་བརྒྱུད་ནས་ངན་སོང་གི་སྡུག་བསྔལ་མྱོང་མི་དགོས་པ་དང་། འཁོར་བ་ལས་ཐར་བར་བྱེད་མཁན་དེ་ཡིད་བཞིན་ནོར་བུས་བྱེད་མི་ཐུབ་པ་ཞིག་རེད། ད་ལྟ་ང་ཚོར་ཐོབ་ཡོད་པའི་དལ་འབྱོར་གྱི་ལུས་རྟེན་འདིའི་ཐོག་ནས་རང་གིས་མ་བྱས་ན་གནས་ཚུལ་ལོག་ཀ་རེད་མ་གཏོགས། བརྩོན་འགྲུས་བྱས་པ་ཡིན་ན་སྐྱེ་བོ་ཆུང་ངུ་ཞིག་ཡིན་ཡང་སྐྱེ་བ་ཕྱི་མ་ངན་སོང་གི་སྡུག་བསྔལ་ལས་གྲོལ་ནས་མངོན་མཐོ་ལྷ་དང་མི་ཡི་གོ་འཕང་བདེ་བླག་ཏུ་ཐོབ་རྒྱུ་དེ་ལས་སླ་པོའི་ཐོག་ནས་བསྒྲུབ་ཐུབ་ཀྱི་ཡོད་པ་ཙམ་མ་ཟད། ལས་དང་ཉོན་མོངས་ཀྱི་འཆིང་བ་ལས་གྲོལ་ནས་འཁོར་བ་ལས་གཏན་དུ་ཐར་བའི་གོ་འཕང་ཞིག་བསྒྲུབ་ཀྱང་། ལུས་རྟེན་འདིའི་ཐོག་ནས་ལས་སླ་པོའི་བསྒྲུབ་ཐུབ་ཀྱི་ཡོད། དལ་འབྱོར་གྱི་ལུས་རྟེན་འདིའི་ནང་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་བྱེད་པ་སོགས་འབྱོར་བ་དེ་ཚོ་ཚང་ཡོད་སྟབས། རང་<གིས་འབད་བརྩོན་མ་བྱས་ན་གནས་ཚུལ་ཁ་ཁ་རེད་མ་གཏོགས། འབད་བརྩོན་བྱས་པ་ཡིན་ན། ཚེ་འདི་རང་ལ་ཐར་བའི་གོ་འཕང་བདེ་བླག་ངང་ཐོབ་རྒྱུའི་ནུས་པ་དེ་ཡོད་བཞིན་པ་རེད། ཅེས་གསུངས་སོང་།
དེ་བཞིན་ཁོང་གིས་མུ་མཐུད་དུ། ད་དུང་དེ་ལས་རྒྱ་ཆེ་བ་དང་རླབས་ཆེ་བ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱོན་ཀུན་གསལ་ཡོན་ཏན་ཀུན་ལྡན། སངས་རྒྱས་ཀྱི་གོ་འཕང་དང་རྒྱུན་མི་ཆད་པའི་འཕྲིན་ལས་རྣམ་རྟོག་དང་བྲལ་བར་འགྱུར་ཐུབ་པའི་སངས་རྒྱས་ཀྱི་གོ་འཕང་ཞིག་སྒྲུབ་པ་ཡིན་ཡང་། ལུས་རྟེན་འདིའི་སྟེང་ནས་བསྒྲུབ་ཐུབ་པ་དང་། ལུས་རྟེན་འདིའི་སྐབས་ལའང་སྤྱིར་རྣམ་འདྲེན་ཞི་བའི་བསྟན་པ་དང་ལྷག་པར་དུ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་དང་མཇལ་བ་ཡིན་སྟབས། སྐལ་བ་གྲངས་མེད་ཟུང་དུ་ཚོགས་བསགས་ཐུབ་པར་མ་ལྟོས་པར་ཚེ་གཅིག་དང་། ལྷག་པར་དུ་སྙིགས་དུས་ཀྱི་ཚེ་གོང་འདིར་ཚེ་གཅིག་ལུས་གཅིག དེ་ལས་ཀྱང་ལྷག་པ་ལོག་གསུམ་མཆོག་གསུམ་ཚང་བའི་བཟང་སྤྱོད་ཀྱི་གོ་འཕང་བསྒྲུབ་ཀྱི་ཡིན་ན། བསྒྲུབ་རྒྱུའི་ནུས་པ་དེ་ང་རང་ཚོའི་ལུས་རྟེན་འདིར་ཡོད་བསྡད་པ་ཞིག་རེད། ལུས་རྟེན་འདི་དོན་ཆེན་པོ་འདི་འདྲ་ཞིག་ཡིན་པ་ང་རང་ཚོས་དོན་མ་རྟོགས་པར་བྱས་ཏེ་ཆུད་ཟོས་བཏང་བ་ཡིན་ན། ཧ་ཅང་གི་ཕངས་པོ་རེད། དེར་བརྟེན། རླབས་ཆེ་ཞིང་དོན་ཆེ་བའི་དལ་འབྱོར་མི་ལུས་རིན་ཆེན་འདི་གལ་ཆེན་པོ་ཡིན་པ་ངེས་པར་ངོས་འཛིན་བྱ་རྒྱུ་གལ་ཆེན་ཆགས་ཡོད། ཅེས་གསུངས།
རིན་པོ་ཆེ་མཆོག་གིས་དལ་འབྱོར་མི་ལུས་བེད་སྤྱོད་གནང་སྟངས་ཐད་གསུང་དོན། དལ་འབྱོར་མི་ལུས་ཐོབ་པ་ད་རེས་ཙམ་ཞིག་ཡིན་ཡང་། ད་རེས་ཙམ་ཞིག་མ་ཡིན་པར་བྱས་ཏེ་སྔོན་མ་ནས་ཡང་ཡང་ང་ཚོར་དལ་རྟེན་འདི་ཐོབ་ཡོད་པ་ཡིན་ན། ད་ལྟ་ལས་དྲག་ཙམ་ཞིག་དགོས་རྒྱུ་ཞིག་ཆགས་ཡོད། ང་ཚོའི་ད་ལྟའི་གནས་སྐབས་ལ་བསམ་བློ་ཉོན་མོངས་དང་བྱེད་རྒྱུ་སྡིགས་པ་ལས་མེད་པའི་གནས་སྟངས་འདིར་བལྟས་པ་ཡིན་ན། སྐྱེ་བ་སྔོན་མ་ཚོ་ལ་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རྣམ་པར་དག་པ་ཅིག་ཐོབ་མེད་པ་ད་ཐེངས་ཀྱི་མི་ལུས་འདིས་མཚོན་ཐུབ་ཀྱི་རེད། རེ་ཟུང་ཙམ་ཞིག་ལ་མི་ལུས་ཐོབ་ཐུབ་ཀྱི་ཡོད་ཀྱང་། དེའི་སྐབས་ཀྱི་བསོད་ནམས་ཀྱི་རྗེས་འབྲས་ལ་བརྟེན་ནས་ལུས་རྟེན་འདི་ཐོབ་ཡོད་པར་བརྟེན། ད་རེས་ཙམ་ཞིག་ཡིན་གསུངས་དགོས་དོན་འབྱུང་འགྱུར་འདི་འདྲ་བའི་ལུས་རྟེན་ཡང་དང་ཡང་དུ་ཐོབ་ཀྱི་རེད་དམ་མ་རེད། འདི་ད་ལྟའི་སོ་སོའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པར་ཞིབ་ཚགས་པོའི་ཐོག་ནས་ཞུ་དག་བཏང་བ་ཡིན་ན། དལ་འབྱོར་འདི་ག་ཚོད་ཡོད་མེད་ལས་སླ་པོའི་ཐོག་ནས་རྟོགས་ཐུབ་པ་ཞིག་དང་། རང་ངོ་རང་ལ་ལྐོག་ཏུ་མ་གྱུར་བ་ཞིག་ཡིན། ད་ལྟ་ནས་སོ་སོའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པར་དག་སྤྲོད་ཡག་པོ་ཞིག་མ་གནང་བ་ཡིན་ན། སྐྱེ་བ་ཕྱི་མར་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་ཕར་བཞག དལ་འགྲོ་ཕལ་བ་ཙམ་ཞིག་ཐོབ་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད་སྟབས། མི་ལུས་ཐོབ་པའི་དུས་སྐབས་འདིར་སྒོ་གསུམ་གྱི་སྤྱོད་པ་འཁྱེར་དུས་གཡོ་སྒྱུའི་ཐབས་ཇུས་ལ་ ( Diplomacy) མ་བརྟེན་པར་དགེ་བའི་ལས་སྒྲུབ་རྒྱུ་དེ་ཤིན་ཏུ་གལ་ཆེན་ཆགས་ཡོད། ཅེས་གསུངས།
དེ་ཡང་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཚུལ་ནི།
དང་པོ། ཆོས་ཕུན་སུམ་ཚོགས་པ་སྙན་བརྒྱུད་གདམས་པའི་རྒྱལ་པོ་ཟབ་ལམ་བླ་མ་མཆོད་པའི་ཁྲིད་སྙན་བརྒྱུད་མན་ངག་གི་གཏེར་མཛོད་དང་། དགེ་ལྡན་བཀའ་སྲོལ་ཕྱག་རྒྱ་ཆེན་པོའི་རྩ་འགྲེལ་སོགས་ཚེ་གཅིག་ལ་ཟུང་འཇུག་སྒྲུབ་པའི་ཐབས་ཚང་ལ་མ་ནོར་བའི་གདམས་ངག་གི་སྐོར།
གཉིས་པ། དུས་ཕུན་སུམ་ཚོགས་པ་ཆོ་འཕྲུལ་ཟླ་བའི་མར་ངོའི་ཚེས་ཉེར་ལྔ་སྟེ་མཁའ་འགྲོ་འདུ་བའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན།
གསུམ་པ། སྟོན་པ་ཕུན་སུམ་ཚོགས་པ་གནས་ལྔ་རིག་པའི་པཎྜི་ཏ་ངེས་དོན་གྱི་འདུལ་བ་འཛིན་པ་ཆེན་པོ་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས།
བཞི་པ། གནས་ཕུན་སུམ་ཚོགས་པ་དཔའ་བོ་དཔའ་མོ་སྤྲིན་ལྟར་འདུ་བའི་ཡུལ་ཛ་ལན་དྷ་རའི་བྱང་ཕྱོགས་སུ་གནས་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་སྒོམ་གྲྭ་ཆེན་པོ་གསང་ཆེན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ།
ལྔ་པ། འཁོར་ཕུན་སུམ་ཚོགས་པ་༧སྐྱབས་རྗེ་མཁན་ལས་ཟུར་གྱིས་གཙོ་བོར་བྱས་པའི་དགེ་འདུན་འདུས་པ་རྒྱ་མཚོ་དང་། དད་ལྡན་ཕྱི་ནང་གི་ཆོས་ཞུ་བ་སྐལ་བ་དང་ལྡན་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོའི་ཚོགས་རྣམས་སོ།། །།