ཀུན་སྤྱོད་དུས་དེབ་དབུ་འབྱེད་དང་བཀའ་སློབ་གསུང་བཤད་གནང་བ།

༄༅།། ༢༠༡༥ ཕྱི་ཟླ་ ༦ ཚེས་ ༢༨ ཉིན་སྔ་དྲོ་ཀིརྟི་གཞན་ཕན་ཞི་བདེ་ཚོགས་ཁང་དུ་ཀུན་སྤྱོད་དུས་དེབ་ཞལ་དབྱེ་མཛད་སྒོ་ཞིག་ཚོགས་ཤིང་། ཐོག་མར་སྐུ་མགྲོན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་སྣང་གསལ་མར་མེ་ཞལ་དབྱེ་གནང་བ་མ་ཟད། ཀུན་སྤྱོད་དུས་དེབ་ཀྱང་ཞལ་དབྱེ་བསྐྱངས་སོང་། kun-spyod 1དེ་ནས་ཀུན་སྤྱོད་དུས་དེབ་གཙོ་སྒྲིག་པ་ཧར་གདོང་ཨ་འཇིགས་ལགས་ནས་ཀུན་སྤྱོད་དུས་དེབ་དེ་བཞིན་འདོན་དགོས་པའི་དམིགས་ཡུལ་དང་དགོས་པ་སོགས་གསུངས་རྗེས། སྐུ་མགྲོན་གཙོ་བོ་མཁས་དབང་ཟམ་གདོང་རིན་པོ་ཆེས་ཀུན་སྤྱོད་ཀྱི་སྐོར་ལ་གསུང་བཤད་གནང་ཞིང་། དང་པོ་ཁོང་གིས་ཀུན་སྤྱོད་ཅེས་པའི་ཐ་སྙད་ཀྱི་སྐོར་ལ། ཀུན་སྤྱོད་ཅེས་པའི་ཚིག་འདི་རྒྱ་གར་གྱི་ཙརྱ་ཞེས་པའི་ཐ་སྙད་ལས་བྱུང་བ་ཡིན་ལ། ཚིག་གྲོགས་དང་བསྟུན་ནས་འཇུག་ཚུལ་མི་འདྲ་བ་ཁ་ཤས་ཡོད་མོད། གཙོ་བོ་ཡུལ་ཅན་ཡུལ་ལ་འཇུག་པའི་བྱ་བའི་གོ་རིམ་དེ་ལ་ཀུན་སྤྱོད་བརྗོད་པ་རེད་ཅེས་དང་། ཀུན་སྤྱོད་ཅེས་པ་ཚུལ་ཁྲིམས་ལ་སྦྱར་ན་སོ་སོ་ཐར་པའི་ཚུལ་ཁྲིམས་ལ་འཇུག་པས། དེ་ཡང་ལུས་ངག་གི་སྤྱོད་ལམ་ལ་འཇུག་ཚུལ་དང་། དེ་བཞིན་དུ་སྤྱོད་ལམ་རྣམ་བཞི་ཞེས་པའི་སྐབས་ཀྱང་ལུས་ཀྱི་སྤྱོད་ལམ་ལ་གོ་དགོས་ཚུལ་སོགས་དང་། དེ་ནས་དེང་སྐབས་སྤྱི་ཚོགས་ཀྱི་ཀུན་སྤྱོད་ཉམས་དམས་འགྲོ་བཞིན་པའི་ཐད་གསུངས་གསལ། ད་ལྟའི་གནས་སྐབས་སུ་གང་ཟག་སྒེར་གྱི་འབྲེལ་བ་དང་། སྤྱི་ཚོགས་དང་སྤྱི་ཚོགས་བར་གྱི་འབྲེལ་བ། མི་རིགས་དང་མི་རིགས་བར་གྱི་འབྲེལ་བ། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་སོགས་སྐབས་རེ་ཡག་ཏུ་འགྲོ་བ་དང་། སྐབས་རེ་སྡུག་ཏུ་འགྲོ་བ། གང་ལྟར་དཀའ་ངལ་མང་པོ་ཞིག་འཕྲད་པ་དེ་ཚོ་ཡུལ་ཅན་ཡུལ་ལ་འཇུག་པའི་བྱ་བའི་རིམ་པ་ཞིག་གི་ནང་ནས་ཡོང་བ་དང་། དེ་ལྟ་བུའི་ཡུལ་ཡུལ་ཅན་གྱི་འབྲེལ་ལམ་དེ་ལ་ཀུན་སྤྱོད་ཅེས་མིང་བཏགས་ན་འགྲིགས།

kun-spyod 2འོན་ཀྱང་ལེགས་སྦྱར་སྐད་ཀྱི་ཅརྱཱ་དང་བོད་སྐད་ཀྱི་ཀུན་སྤྱོད་ཅེས་པ་ཨིན་སྐད་དུ་Behavior དང་། Activity སོགས་སྐབས་བབ་ཀྱི་ཚིག་གྲོགས་དབང་གིས་འདྲ་མིན་སྣ་ཚོགས་ཤིག་ཏུ་བསྒྱུར་བ་དང་། སྐབས་ཐོབ་སོ་སོར་གོ་དོན་བླང་དགོས་རྒྱུའི་གནས་སྟངས་ཤིག་ཡོང་གི་འདུག དེ་ལྟ་བུའི་ཀུན་སྤྱོད་ལ་ལེགས་ཉེས་ཀྱི་མཚམས་གཟུང་ས་དེ་ཀུན་སྤྱོད་དེའི་ཀུན་ནས་སློང་བྱེད་ཀྱི་རྒྱུ་ཡི་ཀུན་སློང་དང་། དེ་དང་མཚུངས་ལྡན་དུ་སོང་བའམ་ཡང་ན་དེ་དང་མཉམ་དུ་རྒྱུ་བའི་དུས་ཀྱི་ཀུན་སློང་གཉིས་ལ་རག་ལུས། མངོན་པ་གོང་འོག་གཉིས་ཀ་ནས་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་པོ་དེ་མི་དགེ་བའི་རྩ་བ་དང་། འདོད་ཆགས་ཞེ་སྡང་གཏི་མུག་བཅས་མེད་པ་གསུམ་པོ་དེ་དགེ་བའི་རྩ་བར་གསུངས། དེར་བརྟེན་ཡུལ་ཅན་ཡུལ་ལ་འཇུག་པའི་རིམ་པ་ག་འདྲ་ཡིན་ནའང་དེའི་རྒྱབ་ལྗོངས་ལ་རྣམ་རྟོག་གི་ཀུན་སློང་མེད་པ་ཞིག་ང་ཚོ་སོ་སྐྱེ་ཕལ་པ་ལ་ཡོང་ཐབས་མེད།

kun-spyod 4རྣམ་རྟོག་གི་ཀུན་སློང་དེ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་པོ་གང་ཡང་རུང་བའམ། དེ་གསུམ་ཀ་འདྲེས་པ་ལས་བྱུང་བའི་དངོས་པོ་ཞིག་ཡིན་ན་དེའི་ཀུན་སྤྱོད་དེ་ངན་པ་དང་། ཀུན་སྤྱོད་མི་དགེ་བ། ཀུན་སྤྱོད་མི་གཙང་བ་ཆགས་རྒྱུ་རེད། ཀུན་སྤྱོད་གཙང་དང་མི་གཙང་བའི་ཐ་སྙད་དེ་ལེགས་སྦྱར་གྱི་སྐད་དང་བོད་སྐད་གཉིས་ཀ་ལ་ཡོད་པ་ཞིག་རེད་ཅེས་དང་། དེ་ནས་ཀུན་སྤྱོད་བཟང་ངན་གྱི་ཁྱད་པར་སྐོར་ལ་གསུངས་གསལ། གང་ལྟར་རྒྱུ་ཡི་ཀུན་སློང་དུག་གསུམ་མེད་པ་ལས་བྱུང་ན་དེའི་ཀུན་སྤྱོད་དེ་གཙང་བ་དང་ཡང་དག་པ་དང་། རྒྱུ་ཡི་ཀུན་སློང་དུག་གསུམ་གང་རུང་གིས་དྲངས་པའམ་འདྲེས་པ་ལས་བྱུང་ན་དེའི་ཀུན་སྤྱོད་དེ་མི་གཙང་བ་དང་། ཀུན་སྤྱོད་ངན་པ་ལ་གོ་ཆོག་ཅེས་དང་། ཡང་སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་པར་དང་། ཀུན་སྤྱོད་ངན་དུ་འགྲོ་བའི་སྐོར་ལ་གསུངས་གསལ། ཚན་རིག་དང་འཕྲུལ་ལས་ཀྱི་གཞི་མར་བྱས་པའི་དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་ནང་བཟང་སྤྱོད་ཉམས་དམས་སུ་འགྲོ་བ་དང་། ངན་སྤྱོད་ཇི་ལྟར་འཕེལ་བ་དེ་ངོས་ཟིན་པ་གནང་དགོས།

kun-spyod 3དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་ཟེར་བ་དེ་ཉོན་མོངས་མངོན་གྱུར་བ་གོང་མཐོར་གཏོང་བའི་ཐབས་ཤེས་རྐྱང་པ་ཞིག་ཆགས་ཀྱི་ཡོད། དེང་སང་ཨིན་སྐད་ནང་ Development དང་། Growth ཟེར་བའི་ཚིག་མང་པོ་ཞིག་བེད་སྤྱོད་གཏོང་གི་ཡོད། དེ་ཚོ་ཚང་མའི་གནས་སྐབས་དང་མཐར་ཐུག་གི་དམིགས་ཡུལ་ནི་ཅ་ལག་འཚོང་མཁན་རང་ལ་དཔལ་འབྱོར་གྱི་ཁེ་ཕན་ལས་གཞན་པའི་དམིགས་ཡུལ་གང་ཡང་མེད་ཅེས་དང་། ཡང་། འཕྲུལ་ལས་ཀྱིས་མིའི་སྤྱི་ཚོགས་ལ་ག་རེ་སྤྲད་པ་རེད་ཅེ་ན། ཚན་རིག་དང་འཕྲུལ་ལས་མ་བསླེབས་གོང་མིའི་སྤྱི་ཚོགས་ནང་དངོས་པོ་ག་འདྲ་ཞིག་ཡིན་ནའང་ལག་པ་གཉིས་ཀྱིས་བསྐྲུན་པ་དང་། ལག་པ་གཉིས་ཀྱིས་བསྐྲུན་པའི་སྐབས་ལ་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་ཐོན་སྐྱེད་ཅིག་བཟོ་ཐུབ། དཔེར་ན། གྲོང་གསེབ་ཅིག་ལ་མི་སྟོང་ཕྲག་གཅིག་ཡོད་ན། གྲོང་གསེབ་དེའི་ནང་གི་དགོས་མཁོ་ཚང་མ་གྲོང་གསེབ་དེའི་མི་ཡིས་བསྒྲུབས་ཤིང་། སོ་ནམ་པ་ཚོས་ས་ཞིང་འདེབས་ལས་དང་། འཚེམ་པོ་བས་འཚེམ་ལས། ཐགས་འཐག་མཁན་གྱིས་འཐག་ལས། ལྷམ་བཟོ་མཁན་གྱིས་ལྷམ་བཟོའི་ལས་དོན། མགར་བས་མགར་ལས། པཎྜིཏ་རྣམས་ཀྱིས་ཤེས་ཡོན་བསླབ་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་དེའི་ནང་གི་དགོས་མཁོ་ཚང་མ་ཏག་ཏག་སྒྲུབ་ཐུབ་ཀྱི་ཡོད།

དགོས་མཁོ་དང་དགོས་མཁོ་དེ་ལ་དམིགས་པའི་མཐུན་རྐྱེན་གཉིས་པོ་དེ་ཆ་མ་མཉམ་པ་མེད་པར་གཅིག་པ་བསྡད་པ་དེ་ལོ་སྟོང་ཕྲག་མང་པོའི་སྲོལ་རྒྱུན་གྱི་གནས་སྟངས་རེད་ཅེས་དང་། ཡང་འཕྲུལ་ལས་ཅན་ལ་གསུངས་གསལ། ནམ་ཞིག་མིའི་དགོས་མཁོ་ལས་ལྷག་པའི་དངོས་པོ་ཐོན་སྐྱེད་བྱེད་རྒྱུ་དེ་འཕྲུལ་ལས་ཐོག་ནས་རྙེད་སྐབས། མ་རྩའི་བདག་པོ་དེ་ཚོས་ཅ་ལག་མང་པོ་ཐོན་སྐྱེད་བྱས་ནས་དེ་སྤྱི་ཚོགས་སྟེང་འགྲོ་བའི་ཆེད་མིའི་སྲེད་པའམ་འདོད་རྔམས་དེ་མཚུངས་བསྡུར་དང་འགྲན་བསྡུར་གྱི་ལམ་ནས་གོང་འཕེལ་གཏོང་ཞིང་། སོ་སོ་ལ་གང་དགོས་པ་དེ་མ་བརྟག་པར་ངའི་གྲོང་པ་ལ་འདི་འདྲ་ཞིག་འདུག ང་ལའང་འདི་འདྲ་ཞིག་དགོས་ཞེས་པ་དང་། ངའི་གྲོང་པ་ལ་ཡོད་ན་ང་ལའང་ཡོད་དགོས་པ་ལྟ་བུ། དེ་ལ་བརྟེན་ནས་འདོད་རྔམས་སྤེལ་སྐབས་དེ་དང་མཉམ་དུ་འགྲན་སེམས་ཀྱང་ཡོད། དེ་ལྟར་འདོད་ཆགས་དང་ཞེ་སྡང་གཉིས་ཀ་མཉམ་དུ་སྤེལ་བའི་དབང་གིས་གཏི་མུག་རང་བཞིན་གྱིས་ཡོང་ཞིང་། དེས་ན་སྤྱོད་པ་རྩིང་བ་དང་། མི་གཙང་བ། ངན་དུ་འགྲོ་བ་དེ་རང་བཞིན་གྱིས་ཡོང་རྒྱུ་ཞིག་རེད།

གང་ལྟར་སྤྱི་ཚོགས་ནང་འདོད་རྔམས་དང་མཚུངས་བསྡུར་ཉུང་དུ་གཏོང་བ་ལས་བཟང་སྤྱོད་ཡོང་རྒྱུ་ལས། བཟང་སྤྱོད་ཉམས་འདུག་ཅེས་ཡང་ཡང་ཆོ་ངེ་འདེབས་པ་ལས་གང་ཡང་མི་ཕན་ཞེས་དང་། གཞན་༧གོང་ས་མཆོག་གི་ཆོས་ལུགས་ལས་འདས་པའི་བཟང་སྤྱོད་ཅེས་པ་དེ་ཉམས་སུ་ལེན་སྟངས་ཐད་གསུངས་དོན། ཉོན་མོངས་ཅན་གྱི་བློ་དང་། ཉོན་མོངས་ཅན་མ་ཡིན་པའི་བློ་གཉིས་པོ་དེ་ངོས་ཟིན་ནས་ཉོན་མོངས་ཅན་གྱི་བློ་ཉུང་དུ་གཏོང་བ་དང་། ཉོན་མོངས་ཅན་མ་ཡིན་པའི་བློ་མང་དུ་གཏོང་བ། དེ་ནི་ཆོས་ལུགས་ཡོད་མེད་ལ་མ་ལྟོས་པར་ཁོང་ཁྲོ་དང་བྱམས་བརྩེ་གཉིས་པོ་དེ་ཆོས་ཡོད་མེད་ཚང་མས་ཤེས་ཀྱི་རེད། དུད་འགྲོས་ཀྱང་བྱམས་བརྩེ་དང་གནོད་སེམས་ཀྱི་དབྱེ་བ་དེ་ངོས་འཛིན་ཐུབ། ཆོས་གང་ཡང་ཁས་མི་ལེན་མཁན་ཞིག་ཡིན་ནའང་མི་དེ་ལ་བྱམས་པོ་བྱེད་ན་མི་དགའ་བ་མི་ཡོང་བ་དང་། དེ་ལ་གནོད་པ་བྱེད་ན་དགའ་པོ་མི་ཡོང་བ།

གང་ལྟར་རང་ལ་གནོད་པ་བྱེད་མཁན་ལ་མི་དགའ་བ་དང་། རང་ལ་བྱམས་པ་བྱེད་མཁན་ལ་དགའ་པོ་བྱེད་པ་དེ་ཆོས་ཡོད་མེད་ལ་རག་ལུས་ཀྱི་མེད། དེས་ན་ Mind and Life Institute ནས་ཆོས་ལུགས་ལས་འདས་པའི་བཟང་སྤྱོད་དེ་བྱམས་བརྩེ་ནས་མགོ་འཛུགས་བྱེད་ཀྱི་ཡོད་ཅེས་ལམ་སྟོན་རྒྱས་པར་གནང་བ་མ་ཟད། མཇུག་ཏུ་འབྱུང་འགྱུར་དུས་དེབ་འདིའི་ནང་ཆོས་ལུགས་སྣ་ཚོགས་ནས་བཤད་པའི་བཟང་སྤྱོད་སྐོར་དང་། ཆོས་ལུགས་དང་མ་འབྲེལ་བའི་འཇིག་རྟེན་རྐྱང་པ་བཅས་ཀྱི་བཟང་སྤྱོད་ཐོག་ཉམས་ཞིབ་དང་འབྲེལ་རྩོམ་ཡིག་འདོན་ཐབས་དགོས་པ་དང་། དེ་ལྟར་བྱུང་ན་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་ལའང་ཕན་ཐོགས་ཡོང་རྒྱུ། ༧གོང་ས་མཆོག་གི་བཞེད་དགོངས་ཀྱང་འགྲུབ་རྒྱུ། དེ་བཞིན་ཕན་ཐོགས་ཡོད་ཚེ་དུས་དེབ་མུ་མཐུད་སྤེལ་ཐུབ་དགོས་གལ་སོགས་རྒྱས་པར་གསུངས་ཤིང་། མཐར་དགེ་བཤེས་དཀོན་མཆོག་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲུབ་འདུག