༑ གནས་མཆོག་རྡོ་རྗེ་གདན་དུ་མཛད་འཕྲིན་བསྐྱངས་པའི་སྐོར།
༄༅།། ༢༠༡༦ ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པ་ཆེ་མཆོག་ནཱག་པུར་ནས་ཐོན་ཏེ་དིལླཱི་དང་པཊནཱ་བརྒྱུད་གནས་མཆོག་རྡོ་རྗེ་གདན་དུ་༧ཞབས་སོར་བདེ་བར་འཁོད་ཅིང་། ༢༠༡༧ ཕྱི་ཟླ་ ༡ ཚེས་ ༢ ཉིན་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོས་སློབ་མ་རྗེས་འཛིན་གྱི་ཆོས་སྒོར་ཞུགས།
ཕྱི་དྲོ་འབྲི་གུང་བཀའ་བརྒྱུད་སིང་གྷ་པུར་ཨོཾ་ཆོས་ཚོགས་ཀྱི་གོ་སྒྲིག་འོག་རྡོ་རྗེ་གདན་མ་ཧཱ་ཡཱ་ནའི་མགྲོན་ཁང་དུ་རྗེ་བཙུན་མི་ལ་རས་པའི་སྐོར་འགྲེམས་སྟོན་ཞིག་དབུ་འབྱེད་བསྐྱངས་ཤིང་། ཆོས་ཚོགས་ཀྱི་འགན་འཛིན་སློབ་དཔོན་ཟླ་བ་དོན་གྲུབ་ཀྱིས་རེ་རེ་བཞིན་འགྲེལ་བརྗོད་ཞུས་རྗེས། ཁོང་གིས་གསོལ་བ་བཏབ་པ་བཞིན་རིན་པོ་ཆེ་མཆོག་ནས་འགྲེམས་སྟོན་དང་རྗེ་བཙུན་མི་ལ་རས་པ་དང་འབྲེལ་བའི་ཐོག་གསུང་བཤད་མདོར་བསྡུས་བསྩལ། སྐབས་དེར་ཨ་མ་རྗེ་བཙུན་པདྨ་མཆོག་དང་། ཆོས་རིག་བཀའ་བློན་ཀརྨ་དགེ་ལེགས་གཡུ་ཐོག་མཆོག སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག སྐུ་སྒེར་དྲུང་ཆེ་ཚེ་བརྟན་བསམ་གྲུབ་མཆོག གནང་ཆུང་སྐུ་རྟེན་མཆོག སྐུ་ངོ་བསྟན་པ་ཚེ་རིང་མཆོག་སོགས་གནད་ཡོད་མི་སྣ་མང་པོ་ཕེབས་འདུག
༢༠༡༧ ཕྱི་ཟླ་ ༡ ཚེས་ ༣ ཉིན་སྔ་དྲོ་དགའ་ལྡན་ཕོ་བྲང་གི་ཚོགས་འདུ་ཞིག་ཏུ་བཅར་ཞིང་། དེ་རྗེས་རྒྱ་ནག་སྐམ་ས་ཆེན་པོ་དང་། ཧོང་ཀོང་། ཐའི་ཝན་སོགས་ནས་ཕེབས་པའི་ཆོས་ཞུ་བ་འགའ་ཞིག་ལ་མཇལ་འཕྲད་ཀྱི་གོ་སྐབས་བསྩལ།
༢༠༡༧ ཕྱི་ཟླ་ ༡ ཚེས་ ༥ ཉིན་བོད་དགོན་དུ་གདན་ས་གསུམ་དང་བཀྲས་ལྷུན་ར་སྟོད་བཅས་ཀྱི་མཁན་པོ་དང་། ཆོས་རིག་བཀའ་བློན། བདེ་སྲུང་བཀའ་བློན་དང་དྲུང་ཆེ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བཅས་འདུ་འཛོམས་ཐོག་གསུང་བཤད་གནང་།
༢༠༡༧ ཕྱི་ཟླ་ ༡ ཚེས་ ༦ ཉིན་རྒྱབ་རྡོ་རྗེ་གདན་གྱི་དཔལ་དུས་འཁོར་ཐང་དུ་༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་གསུང་ཆོས་མ་བསྩལ་སྔོན་དུ། པཊ་ནཱ་གྲོང་ཁྱེར་དུ་སིཁ་ཆོས་ལུགས་ཀྱི་བླ་མ་བཅུ་པ་གུ་རུ་གོབིནྡ་སིངྷ་འཁྲུངས་ནས་ལོ་ ༣༥༠ འཁོར་བའི་རྗེས་དྲན་ཆེད་ཆོས་ལུགས་རིས་མེད་མཐུན་ཚོགས་ཤིག་ཏུ་ཕེབས་པའི་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམ་པ་འདིར་ཆེད་བཅར་གྱིས་གསུང་བཤད་རེ་ཡང་གནང་མཐར། ༧གོང་ས་༧སྐྱབས་མགོན་ཆེན་པོས་བཀའ་སློབ་སྩལ་སྐབས་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཧིན་སྐད་གསུང་སྒྱུར་ཞུས་པ་དང་།
༢༠༡༧ ཕྱི་ཟླ་ ༡ ཚེས་ ༥ ནས་ཚེས་ ༨ བར་ཉིན་རྒྱབ་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་རྒྱུའི་དཔལ་དུས་འཁོར་དབང་ཆེན་གྱི་སྔོན་འགྲོར་སྒོམ་རིམ་བར་པ་དང་། སྤྱོད་འཇུག་ཆེན་མོའི་གསུང་ཆོས་བཅས་སུ་བཅར།
༢༠༡༧ ཕྱི་ཟླ་ ༡ ཚེས་ ༩ ཉིན་སྔ་དྲོ་བོད་དགོན་དུ་ཨ་རིའི་ཏཱ་ལའི་བླ་མའི་དགེ་རྩའི་སྐོར་དགའ་ལྡན་ཕོ་བྲང་གི་ཚོགས་འདུར་བཅར།
ཕྱི་དྲོ་མ་ཧཱ་ཡཱ་ནའི་གསོལ་མགྲོན་ཁང་དུ་ཨོ་སི་ཀྲེ་ལི་ཡ་ནས་ཕེབས་པའི་བོད་མི་ཆོས་ཞུ་བ་སྐོར་ཞིག་དང་། དེ་བཞིན་འབུམ་སྡེ་ལ་ནས་ཕེབས་པའི་མོན་པ་ཆོས་ཞུ་བ་སྐོར་ཞིག་ལ་མཇལ་ཁ་གནང་།
དེ་རྗེས་མ་ཧཱ་ཡཱ་ནའི་གསོལ་མགྲོན་ཁང་དུ་བསྐོང་ཚོགས་གནང་བའི་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་ཆེན་ཐོག་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་ཐོག་ལམ་སྟོན་གསུང་བཤད་དང་དྭོགས་འདྲི་ཁག་ལ་གསལ་བཤད་བཅས་གནང་ཞིང་། སྐབས་དེར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས། གྲྭ་ཚང་བཅུ་གཅིག་གི་མཁན་རིན་པོ་ཆེའམ་མཁན་ཚབ་སོགས་ཕེབས་འཛོམས་འདུག
དེ་ནས་རྒྱ་ནག་སྐམ་ས་དང་ཐའི་ཝན་ནས་ཕེབས་པའི་རྒྱ་རིགས་ཆོས་ཞུ་བ་འགའ་ཞིག་དང་། དེ་བཞིན་མཇལ་ཞུ་བ་གཞན་བཅས་ལ་མཇལ་འཕྲད་ཀྱི་གོ་སྐབས་བསྩལ།
༢༠༡༧ ཕྱི་ཟླ་ ༡ ཚེས་ ༡༠ ནས་ཚེས་ ༡༣ བར་ཉིན་རྒྱབ་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོས་བསྩལ་བའི་དཔལ་དུས་འཁོར་དབང་ཆེན་ལ་བཅར།
༢༠༡༧ ཕྱི་ཟླ་ ༡ ཚེས་ ༡༠ ཉིན་ཕྱི་དྲོ་ཀིརྟི་མགྲོན་ཁང་དུ་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱིས་བསྐོང་ཚོགས་གནང་བའི་འདུ་འཛོམས་སར་བཅར་ཏེ་གསུང་བཤད་མདོར་བསྡུས་ཤིག་ཀྱང་གནང་། སྐབས་དེར་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག ཚེ་མཆོག་གླིང་རིན་པོ་ཆེ་སོགས་བློ་གསལ་གླིང་གི་བླ་སྤྲུལ་ཕལ་མོ་ཆེ་ཕེབས་འཛོམས་འདུག
༢༠༡༧ ཕྱི་ཟླ་ ༡ ཚེས་ ༡༢ ཉིན་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་དུ་ཨཱཅཱརྱ་བིནོབཱ་བྷཱབེ་མཆོག་གིས་ཕྱག་བཏབ་པའི་སམནབཡ་བསྟི་གནས་སུ་བཅའ་བཞུགས་གཱཾདྡྷཱིའི་རྗེས་འཇུག་པ་གྲགས་ཅན་དྭཱརིཀཱ་སུནྡརཱནཱི་མཆོག་མཇལ་འཕྲད་གནང་རྗེས། རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་དང་སྟོན་པའི་སྐུར་མཆོད་མཇལ་ཞུས།
ཕྱི་དྲོ་རྡོ་རྗེ་གདན་དུ་ཝེཏ་ནཱམ་གྱི་དགོན་པ་ཞིག་ཏུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དུ་བཅར་བའི་ཝེཏ་ནཱམ་དང་ཐ་ཡི་ལེན་ཌ་ནས་ཕེབས་པའི་སྡེ་ཚན་ཞིག་དང་མཇལ་འཕྲད་ཀྱིས་དྲི་བ་ཁག་ལ་ལན་འདེབས་དང་། དེ་བཞིན་ནང་པའི་གཞོན་ནུའི་མཐུན་ཚོགས་ཤིག་གི་འགྲེམས་སྟོན་ལ་གཟིགས་སྐོར་བཅས་གནང་།
༢༠༡༧ ཕྱི་ཟླ་ ༡ ཚེས་ ༡༣ ཉིན་སྔ་དྲོ་དང་། ཕྱི་དྲོ་དབང་ཆེན་རྗེས་བཅས་སུ་མི་སྣ་ཁག་མཇལ་འཕྲད་གནང་།
༢༠༡༧ ཕྱི་ཟླ་ ༡ ཚེས་ ༡༤ ཉིན་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོས་བསྩལ་བའི་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་དང་། ༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ། དེ་བཞིན་དཔལ་དུས་འཁོར་དབང་ཆེན་གྲུབ་པའི་མཛད་སྒོ་བཅས་སུ་བཅར།
ཕྱི་དྲོ་ National Geographic གྱིས་བཅར་འདྲིར་བཀའ་ལན་གནང་།
༢༠༡༧ ཕྱི་ཟླ་ ༡ ཚེས་ ༡༥ ཉིན་སྔ་དྲོ་རྡོ་རྗེ་གདན་ནས་ཐོན་ཏེ་དིལླཱིར་འབྱོར་རྗེས་མི་སྣ་འགའ་ཞིག་ལ་མཇལ་འཕྲད་ཀྱི་གོ་སྐབས་བསྩལ།
༢༠༡༧ ཕྱི་ཟླ་ ༡ ཚེས་ ༡༦ ཉིན་གུང་དིལླཱི་ནས་ཕེབས་ཐོན་གྱིས་བཞུགས་སྒར་དྷ་སར་བདེ་འབྱོར་བྱུང་བ་བཅས།