སྨན་རྩིས་མཐོ་སློབ་ཏུ་ཁ་ཆེ་ཕ་ལུའི་བསླབ་བྱ་བཀའ་ཁྲིད་གནང་བ།

༄༅།།  ཇི་ལྟར་སྨན་རྩིས་ཁང་མཐོ་སློབ་ནས་གསོལ་འདེབས་ཞུས་པ་བཞིན་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༧ ཉིན་སྔ་དྲོ་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྨན་རྩིས་ཁང་གི་ཚོགས་ཁང་དུ་སྨན་རྩིས་མཐོ་སློབ་ཀྱི་དགེ་སློབ་དང་། དེ་བཞིན་སྨན་རྩིས་ཁང་གི་ལས་བྱེད་སོགས་ལ་ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་རྩི་ལུགས་ཀྱི་བསླབ་བྱའི་བཀའ་ཁྲིད་གནང་ཞིང་། 

mentse-khag3

ཐོག་མར་སྨན་རྩིས་ཁང་མཐོ་སློབ་རྩིས་དགེ་ནས་ངོ་སྤྲོད་གནང་རྗེས། རིན་པོ་ཆེ་མཆོག་གིས་སྔོན་མ་གདན་ས་ལ་ཡོད་སྐབས་ཁ་ཆེ་ཕ་ལུའི་སྐོར་གོ་མྱོང་ཞིང་། ནམ་རྒྱུན་སྐད་ཆ་ཤོད་སྐབས་དེ་ནས་ལུང་འདྲེན་མང་པོ་བྱེད་ཀྱི་རེད། དཔེར་ན། ནར་ནར་ལྕེ་ལ་བདག་པོ་མ་བརྒྱབ་ན།། རིལ་རིལ་དབུ་ལ་འོ་བརྒྱལ་བཟོས་ཡོང་ངོ་།། ཞེས་སོགས་དང་། དེང་སང་བཙན་བྱོལ་ནང་གཏམ་དཔེ་དང་སྦྲགས་ནས་སྐད་ཆ་ཤོད་སྲོལ་དེ་ཧ་ལམ་མེད་པ་ལྟ་བུ་འདུག་ཅེས་དང་།  བསྟན་བཅོས་ཁོ་རང་གི་ངོ་བོའི་ཆ་ནས་བྱས་ན། སྡེ་དགེའི་བསྟན་འགྱུར་གྱི་དཀར་ཆག་ནང་ཐུན་མོང་བའི་ལུགས་ཀྱི་བསྟན་བཅོས་ཞེས་པའི་ཁོངས་སུ་འདུ་བ་ཡིན་ཞེས་དང།

          མི་ལ་དུད་འགྲོ་ལས་ལྷག་པའི་ཁྱད་ཆོས་གཅིག་ཡོད་པ་ནི་བཟང་ངན་དབྱེ་འབྱེད་ཀྱི་རྣམ་དཔྱོད་དེ་ཡིན་ཞིང་། རྒྱ་གར་གྱི་སྲོལ་རྒྱུན་ནང་སྐྱེས་བུའི་འདོད་དོན་བཞི་ཞེས་གསུངས་སྲོལ་ཡོད། དེའང་ཚེ་འདིར་འདོད་པ་དང་ནོར། དེ་བཞིན་ཚེ་ཕྱི་མར་ཆོས་དང་ཐར་པ་རེད། འདི་བཞི་སྒྲུབ་པའི་ཐབས་ལམ་གྱི་ནང་ཐར་པའི་ཆེད་དུ་ཆོས་དང་། ཚེ་འདིའི་འདོད་དོན་སྒྲུབ་པའི་ཆེད་དུ་བསྟན་པ་དེ་ཚོར་ལུགས་ཀྱི་བསྟན་བཅོས་ཞེས་བརྗོད། ཁ་ཆེ་ཕ་ལུའི་བསླབ་བྱའི་ནང་ཆོས་སྐོར་བསྟན་པ་ཅུང་ཟད་ཡོད་ཀྱང་། མང་ཆེ་བ་ཚེ་འདིའི་བྱ་གཞག་སྒྲུབ་ཚུལ་གསུངས་པ་ཡིན་སྟབས། ལུགས་ཀྱི་བསྟན་བཅོས་ཡིན་ཚུལ་དང་། རྒྱ་གར་དུ་སྟོན་པ་མ་བྱོན་གོང་ནས་ལུགས་ཀྱི་བསྟན་བཅོས་ཡོད་ཅིང་། བོད་སྐད་ནང་དུའང་རྒྱ་གར་ནས་བསྒྱུར་བའི་ལུགས་ཀྱི་བསྟན་བཅོས་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་བརྒྱ་པ་དང་། སྐྱེས་བུ་གསོ་བའི་ཐིགས་པ། ཤེས་རབ་སྡོང་པོ་ལྟ་བུ་དང་། དེ་བཞིན་བཤེས་པའི་སྤྲིང་ཡིག་དང་རྒྱལ་པོ་ལ་གདམས་པའི་གཏམ་རིན་ཆེན་ཕྲེང་བའང་ལུགས་ཀྱི་བསྟན་བཅོས་ཀྱི་ཁོངས་སུ་འཇོག་ཆོག ད་དུང་པཎ་ཆེན་ཉི་མ་སྦས་པས་མཛད་པའི་ཚིགས་སུ་བཅད་པའི་མཛོད་དང་། སློབ་དཔོན་མཆོག་སྲེད་ཀྱིས་མཛད་པའི་ཚིགས་བཅད་བརྒྱ་པ། དྲི་མ་མེད་པའི་དྲིས་ལན་རིན་པོ་ཆེའི་ཕྲེང་བ་སོགས་ཡོད་ལ། རྒྱ་གར་དུ་དེང་སང་ཡང་གྲགས་ཆེ་བའི་ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ཞེས་པའང་བོད་སྐད་དུ་བསྒྱུར་ཡོད། ཡོངས་གྲགས་སུ་ས་སྐྱ་པཎ་ཆེན་གྱིས་མཛད་པའི་ས་སྐྱ་ལེགས་བཤད་ནི་བོད་རང་གིས་བརྩམས་པའི་ལུགས་ཀྱི་བསྟན་བཅོས་ཐོག་མ་དེ་ཡིན་ཞེས་དང་། དེའི་རྗེས་སུ་པཎ་ཆེན་བསོད་ནམས་གྲགས་པའི་དགེ་ལྡན་ལེགས་བཤད་དང་། རྒྱལ་དབང་ལྔ་པའི་ལུགས་ཟུང་བསླབ་བྱ་མུ་ཐི་ལིའི་ཕྲེང་བ། ཕྱིས་སུ་འཇུ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་མཛད་པའི་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་དེ་ནི་ས་ཡི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་དང་། ཀླུ་ཡི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་སོགས་ལ་ཁུངས་གཏུགས་པ་ཞིག་རེད། དེ་ཚོར་གཟིགས་ན་ལུགས་ཀྱི་བསྟན་བཅོས་ཀྱི་སྒྲོམ་གཞི་དེ་ཤེས་རྟོག་ཡོང་རྒྱུ་རེད་ཅེས་དང་།
mentse-khag1

      ས་སྐྱ་པཎ་ཆེན་གྱིས་ “རིགས་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་།།” ཞེས་པ་དང་། ཁ་ཆེ་ཕ་ལུས་ “ཆོས་དང་འཇིག་རྟེན་ཁ་ཁ་སོ་སོ་རེད།།” ཅེས་པ་གཉིས་དགོངས་པ་བཞེས་སྟངས་མི་འདྲ་ཞིང་། ས་པཎ་ལྟར་ན་ཆོས་སྲིད་ཟུང་འབྲེལ་ཡོང་ཆོག་པ་ལྟ་བུ་དང་། ཁ་ཆེ་ཕ་ལུ་ལྟར་ན་དེ་མི་ཡོང་བ་ལྟ་བུ་རེད། སྤྱིར་ཆོས་སྲིད་གཉིས་ལྡན་ཞེས་བརྗོད་ན་ལེགས་ཚུལ་སོགས་དཔྱད་པ་དང་བཅས་རྒྱས་པར་གསུངས།

          ཁ་ཆེ་ཕ་ལུའི་བསླབ་བྱ་ནི་ངག་རྒྱུན་ལྟར་ལྷ་སར་ཡོད་པའི་ཁ་ཆེ་བ་ཞིག་གིས་བརྩམས་པར་གྲགས་ཀྱང་། འདིའི་རྩོམ་པ་པོ་གསལ་པོ་མེད་སྐོར་དང་། གང་ལྟར་དཔེ་དེབ་ནང་བལྟས་ཚེ་ཁ་ཆེའི་ཆོས་ལུགས་ཀྱི་ཚིག་གོ་བརྡཱ་ (Khudaa) དང་སྐར་མའི་བདག་པོ་ལྟ་བུ་དང་། དེ་བཞིན་ནང་པ་སངས་རྒྱས་པའི་ཚིག་དཀོན་མཆོག་གསུམ་ལྟ་བུའང་བེད་སྤྱོད་གནང་ཡོད་ཚུལ།

          དེ་ནས་ཁ་ཆེ་ཕ་ལུའི་བསླབ་བྱའི་སྤྱི་ཡོངས་འགྲེལ་བཤད་དང་འབྲེལ་སྔོན་འགྲོ་དང་། ཆོས་ལ་སྐུལ་བ། འཆི་བ་མི་རྟག་པ། རྒྱལ་པོས་རྒྱལ་ཁམས་སྐྱོང་སྟངས། ཆོག་ཤེས་དགོས་ཚུལ། གཏམ་གསང་བ་དང་ཁ་ཉུང་བ་དགོས་ཚུལ། ཡང་རབས་བཟང་སྤྱོད་དགོས་ཚུལ། དམན་ས་དང་ཚོད་གཟུང་དགོས་ཚུལ། ཟས་ཀྱི་ཚོད་རིགས་པ་དང་གཞན་བརྟེན་མིན་པར་རང་ཁ་རང་གསོ་དགོས་ཚུལ། ཕ་བུའི་འབྲེལ་བའི་སྐོར། མ་བུའི་འབྲེལ་བའི་སྐོར། ཕ་མ་ལ་དྲིན་ལན་འཇལ་དགོས་ཚུལ་བཅས་ལེའུ་སོ་སོའི་བསྟན་དོན་མདོར་བསྡུས་རེ་གསུངས་རྗེས། ལེའུ་གསུམ་པའི་བར་བཀའ་ཁྲིད་རྒྱས་པར་གྲུབ་འཕྲལ་སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་གནང་འདུག མཐར་སྨན་རྩིས་ཁང་མཐོ་སློབ་ཀྱི་སློབ་སྤྱི་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་མཐོ་སློབ་ཀྱི་ངོས་ནས་ཕྱག་རྟགས་ཤིག་ཀྱང་ཕུལ་བ་བཅས་སོ།།

men-tsekhang2