༈ སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དཔེ་སྟོན་སློབ་དབུ་བརྙེས་པའི་དུས་ཆེན་གྱི་མཛད་སྒོར་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ཀྱིས་གསུང་བཤད་གནང་བ།
༄༅།། ༢༠༡༥ ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་མེས་དབོན་གཙུག་ལག་དཔེ་སྟོན་སློབ་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་དུས་དྲན་མཛད་སྒོར་དམིགས་བསལ་སྐུ་མགྲོན་ལ་གདན་ཞུས་ཀྱིས་གཞི་རིམ་ཤེས་ཡོན་སྲིད་བྱུས་སྐོར་གལ་ཆེའི་ལམ་སྟོན་གནང་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱིས་དཔེ་སྟོན་སློབ་གྲྭ་དང་ཤེས་ཡོན་སྲིད་བྱུས་ལ་ཚད་མཐོའི་གདེང་འཇོག་དང་བསྟོད་བསྔགས་ཀྱི་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་མ་ཟད། ཪིན་པོ་ཆེ་མཆོག་ལའང་བསྔགས་བརྗོད་དང་འབྲེལ་ཐུགས་རྗེ་ཆེ་ཞེས་བཀའ་ཕེབས་སོང་། དེ་བཞིན་མཛད་སྒོ་འདིར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་ཕྱི་ནང་གི་སྐུ་མགྲོན་དང་། ཕ་མ། དགེ་སློབ་སོགས་མི་གྲངས་ ༡༠༠༠ ཙམ་འདུ་འཛོམས་ཀྱིས་དུས་དྲན་སྲུང་རྩི་ཞུས་ཡོད།
མཛད་སྒོའི་ཐོག་མར་༧གོང་ས་མཆོག་གིས་དཔེ་སྟོན་སློབ་གྲྭའི་པར་རིས་འགྲེམས་སྟོན་ལ་གཟིགས་ཞིབ་སོགས་མཛད་རྗེས། དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཁག་ཅིག་གིས་ “དུས་བཟང་གཉིས་འཛོམས་ཀྱི་མཆོད་སྤྲིན་” ཞེས་པའི་བཀྲ་ཤིས་རྟེན་འབྲེལ་གྱི་མཉམ་གཞས་གཟིགས་འབུལ་དང་། དེ་བཞིན་སློབ་ཕྲུག་ཁག་ཅིག་གིས་ “དུས་ཆེན་གཉིས་འཛོམས་ཀྱི་སྨོན་ཚིག་ངག་གི་རོལ་མོ་” དང་ “༧སྐྱབས་མགོན་ལགས།” ཞེས་པའི་བོད་ཡིག་སྙན་རྩོམ་དང་། “Remembering and Celebration Our Journey with Petoen” དང་ “Just for You” “My Guru” ཞེས་པའི་ཨིན་ཡིག་སྙན་རྩོམ་ཁག “ཐུགས་རྗེ་ཆེ་༧གོང་ས་མཆོག ཐུགས་རྗེ་ཆེ་མ་ཡུམ་དཔེ་སྟོན་སློབ་གྲྭ” ཞེས་པའི་རྒྱ་ཡིག་སྙན་རྩོམ་བཅས་གྱེར་འདོན་ཞུས་སོང་།
མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་བུ་མོ་བརྒྱད་ཀྱིས་བརྩམས་པའི་ “ཁྱེད་ཀྱི་ལེགས་སྐྱེས་” ཞེས་པའི་སྙན་རྩོམ་ཕྱོགས་སྒྲིག་གི་དེབ་ཅིག་དབུ་འབྱེད་དང་། དེ་བཞིན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནས་དཔེ་སྟོན་དབུ་བརྙེས་པ་ནས་བཟུང་ད་བར་མུ་མཐུད་ཞབས་ཞུ་སྒྲུབ་བཞིན་པའི་དགེ་ལས་དྲུག་ལ་གཟེངས་བསྟོད་ཀྱི་ཕྱག་ཁྱེར་གནང་།
དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། “ང་ཚོ་བཙན་བྱོལ་དུ་གྱར་དགོས་བྱུང་བ་ནས་འདས་པའི་ལོ་ངོ་ལྔ་བཅུ་ང་དྲུག་ང་བདུན་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་འཛམ་གླིང་ལ་ངོམ་སོ་ཆོག་པ་ཞིག་ནི་ང་ཚོའི་གནས་སྟངས་སྐྱོ་པོ་ཡིན་རུང་། བོད་པའི་སློབ་ཕྲུག་ཡོངས་ལ་ཤེས་ཡོན་སྤྲད་ཐུབ་པ་ནི་དགའ་སྤོབས་ཆེན་པོ་བྱེད་འོས་པའི་གནས་སྟངས་ཤིག་ཆགས་ཡོད། དེའི་ནང་ནས་དེ་རིང་གི་དམིགས་བསལ་སྐུ་མགྲོན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་སྐུ་ཚེ་ཧྲིལ་པོ་བོད་པའི་སློབ་ཕྲུག་ཚོར་ཤེས་ཡོན་སྤྲད་རྒྱུའི་ཐོག་ཐུགས་འགན་བཞེས་ཡོད། དེ་བཞིན་ང་ཚོའི་གྲོས་ཚོགས་ཀྱི་འགྲོ་སྟངས་ཡིན་ནའང་རིན་པོ་ཆེས་ཐུགས་འགན་བཞེས་ཏེ་ད་བར་ང་ཚོ་འགྲོ་ལུགས་ཚད་ལྡན་ཞིག་གི་ཐོག་སླེབས་ཐུབ་པ་དང་། འཛིན་སྐྱོང་བཀའ་ཤག་གི་མཛད་འགན་བཞེས་པའི་སྐབས་སུའང་བཀའ་ཤག་གི་འགྲོ་ལུགས་འགྲོ་སྟངས་དང་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་རིན་པོ་ཆེས་ཕྱག་རྗེས་ཆེན་པོ་བཞག་ཡོད། ལྷག་པར་དུ་རིན་པོ་ཆེ་མཆོག་གིས་བཀའ་བློན་ཁྲི་པ་གནང་སྐབས་ཕྱི་ལོ་ ༢༠༠༡ ནས་ལས་རིམ་མང་པོ་ཞིག་བརྒྱུད་ནས་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་རྒྱུའི་ཐོག་སྐུ་ལས་མང་པོ་བསྐྱོན་ནས་ཕྱི་ལོ་ ༢༠༠༤ ལོར་འཛིན་སྐྱོང་བཀའ་ཤག་གིས་ཤེས་ཡོན་སྲིད་བྱུས་དེ་གྲོས་ཚོགས་ནང་བསྣམས་ཕེབས་པ་རེད། རྩ་བའི་རིན་པོ་ཆེས་གྲོས་ཚོགས་ནང་ཆ་ཤས་བཞེས་སྐབས་གནད་དོན་གང་འདྲ་ཞིག་ཡིན་རུང་བཀའ་ལན་གཏིང་ཟབ་པོ་དང་འགྲེལ་བཤད་ཁ་གསལ་གནང་གི་ཡོད། རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་འདི་གཏན་འབེབས་གནང་རྒྱུའི་ཐོག་ཐུགས་འགན་གཙོ་བོ་བཞེས་པའི་ཐོག་ནས་མ་འོངས་པར་ང་ཚོའི་མི་རབས་མང་པོ་ཞིག་ལ་ཕན་ཐོགས་ཡོང་རྒྱུར་བརྟེན། དེ་རིང་གི་གོ་སྐབས་འདིའི་བརྒྱུད་ཁོང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུའི་འདོད་པ་བྱུང་།” ཞེས་སོགས་གསུངས།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གི་སྐུ་ཚབ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས། “ཕྱི་ལོ་ ༢༠༠༤ ཟླ་ ༩ ནང་བོད་མི་མང་སྤྱི་འཐུས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པར་དཔལ་ལྡན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དབུ་འཁྲིད་པའི་སྐབས་བཅིུས་པའི་བཀའ་ཤག་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་འཆར་འབུལ་གྱིས་གྲོས་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་ཐུབ་པ་བྱུང་ཡོད།” ཅེས་སོགས་གསུངས།
དམིགས་བསལ་སྐུ་མགྲོན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། “དེ་རིང་འདིར་གཏམ་བཤད་ཞུ་རྒྱུའི་གོ་སྐབས་ཐུང་ངུ་ཐོབ་པ་འདིའི་ཐོག་དམིགས་བསལ་ཞུ་རྒྱུ་གང་ཡང་མི་འདུག འོན་ཀྱང་ང་རང་སྒེར་དང་འབྲེལ་བ་ཡོད་པའི་དགོངས་སེལ་དང་། གསལ་བཤད། མཐོང་ཚུལ་བཅས་ཞུ་རྒྱུ་ཡིན།” ཞེས་ད་ལྟ་དཔེ་སྟོན་སློབ་གྲྭའི་ཁོར་ཡུག་གུ་དོག་པ་དེ་གཅིག་ནས་སྐབས་དེའི་འཛིན་སྐྱོང་བཀའ་ཤག་གིས་ཕུགས་རྒྱང་རིང་པོར་གཟིགས་མ་ཐུབ་པ་དང་། གཉིས་ནས་རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས་ས་ཆ་འདིར་གསར་འཛུགས་མ་བྱས་ཀ་མེད་བྱུང་ལུགས་ཐོག་འགྲེལ་བཤད་དང་དགོངས་སེལ་ཞུས་གནང་སོང་། གསལ་བཤད་བྱ་རྒྱུ་ནི་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་པ་ལས་རིན་པོ་ཆེ་རང་ཉིད་ཀྱིས་གཏན་འབེབས་བྱས་པ་ཞིག་མིན་སྐོར་དང་། མ་འོངས་པར་སྲིད་བྱུས་འདི་འགྱུར་བ་གཏོང་བར་མི་སྒེར་པ་བྱེ་བྲག་པ་དང་ལས་ཁུངས་བྱེ་བྲག་པར་འགྱུར་བ་གཏོང་བའི་དབང་ཚད་མེད་ལུགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རང་ཉིད་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་དེ་རང་ཉིད་ཀྱིས་བདག་པོ་རྒྱག་དགོས་ལུགས་སོགས་གསལ་བཤད་གནང་སོང་། དེ་ནས་མཐོང་ཚུལ་ནི། “ཐོག་མར་དཔེ་སྟོན་སློབ་གྲྭ་འདི་བཙུགས་སྐབས་ཚང་མ་དྭོགས་པ་རྣམ་རྟོག་ངང་བསྡད་པ་རེད་ལ། འཛུལ་མཁན་ཡང་ཉུང་ངུ་ལས་མེད། ད་ལྟ་འདིའི་ནང་མ་ཚུད་པའི་སྡུག་བསྔལ་མ་གཏོགས། འཛུལ་མཁན་མེད་པའི་སྡུག་བསྔལ་མེད་པ་དེ་ཡག་པོ་རེད་བསམ་གྱི་ཡོད། ཕྱོགས་གཅིག་ནས་འདས་པའི་ལོ་གཅིག་ནང་དཔེ་སྟོན་སློབ་གྲྭ་ནས་ཐོན་པའི་སློབ་ཕྲུག་རྣམས་གཞི་རིམ་གོང་མའི་འཛིན་གྲྭ་བཅུ་པ་བཅུ་གཅིག་ནང་འགྲོ་རྒྱུའི་གོ་སྐབས་བྱུང་ཡོད། སྐབས་དེར་དགེ་རྒན་དང་སྤྱི་ཚོགས་ནང་སེམས་ཁྲལ་ཆེ་ཤོས་གང་རེད་ཅེ་ན། འཛིན་གྲྭ་བཞི་པ་ནས་མ་གཏོགས་སྐད་ཡིག་གཞན་སློབ་ཀྱི་མེད་པར་བརྟེན། ཨིན་སྐད་སོགས་རྗེས་ལུས་ཐེབས་ཀྱི་རེད་བསམ་པའི་དོགས་པ་ཞིག་ཡོད། འོན་ཀྱང་ད་ལྟ་དངོས་སུ་ཁོང་ཚོ་འཛིན་གྲྭ་བཅུ་པ་བཅུ་གཅིག་ལ་སླེབས་སྐབས་རྗེས་ལུས་ཐེབས་རྒྱུའི་ཚབ་ཏུ་སྔོན་འགྲོའི་འཛིན་གྲྭ་ནས་ཨིན་ཇི་བསླབས་ཏེ་ཡོང་མཁན་ཚོ་དང་ཁོང་ཚོ་བསྡུར་སྐབས་སྔོན་ལ་མ་གཏོགས། རྗེས་སུ་ལུས་པ་བྱུང་མེད་པ་དངོས་མཐོང་ལག་ཟིན་བྱུང་འདུག འདི་གནས་ཚུལ་བཟང་པོ་ཞིག་རེད་བསམ་གྱི་འདུག ཕྱི་ནང་གི་མི་རིགས་མང་པོས་ང་ཚོའི་ཤེས་ཡོན་སྲིད་བྱུས་འདི་དཔེ་བལྟ་རྒྱུ་ཞིག་ལ་ཡོང་གི་འདུག་ཅེས་བསྔགས་བརྗོད་གནང་མཁན་མང་པོ་འདུག དེར་བརྟེན་སྔོན་མ་ང་ཚོར་ཡོད་པའི་དྭོགས་པ་རྣམ་རྟོག་རྣམས་བསངས་ཐུབ་པ་ཞིག་བྱུང་ཡོད།” ཅེས་དང་། “༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཤེས་ཡོན་སྲིད་བྱུས་བཟོ་འགོད་སྐབས་ཐོག་མཐའ་བར་གསུམ་དུ་ཐུགས་ཞིབ་དང་བཀའ་སློབ་སྩལ་བ་དང་། དཔེ་སྟོན་སློབ་གྲྭ་འདི་ལ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཞེས་མཚན་གསོལ་རས་གནང་བ། དེ་རིང་མཛད་འཆར་མང་པོ་ཕྱིར་བསྡུ་མཛད་པའི་སྐབས་ཤིག་ཡིན་ནའང་ལོ་བཅུ་འཁོར་བའི་དུས་ཆེན་འདིའི་ཐོག་དངོས་སུ་༸ཞབས་སོར་འཁོད་པ་འདི་ཚང་མའི་བསོད་སྐལ་ཆེན་པོ་ཞིག་རེད། དེར་བརྟེན་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།” ཞེས་སོགས་གསུངས་སོང་།
དེ་ནས་སྐུ་མགྲོན་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཟབ་རྒྱས་ཕེབས་གསལ་ནང་། “ང་ཚོའི་སློབ་གྲྭ་ཆུང་ཆུང་ཞིག་འདིར་ཚུགས་ནས་དཔེ་སྟོན་སློབ་གྲྭ་ཞེས་འབོད་བཞིན་པ་འདིར་གྲུབ་འབྲས་གང་ལ་གང་འཚམས་ཐོན་ཏེ་བློ་གཟུ་བོར་གནས་པའི་མི་ཚོས་བསྟོད་བསྔགས་བྱ་ཡུལ་ཞིག་དང་། ཡིད་དབང་འཕྲོག་རྒྱུ་ཞིག་བྱུང་ཡོད། ཧ་ཅང་ཡག་པོ་བྱུང་འདུག ཉིན་ནས་ཉིན་དང་། ཟླ་བ་ནས་ཟླ་བ། ལོ་ནས་ལོ་བསྟུད་དཀའ་ལས་རྒྱག་མཁན་གྱི་དགེ་རྒན་དང་ལས་བྱེད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།” ཞེས་དང་། “དཔེ་སྟོན་སློབ་གྲྭ་ཐོག་མར་མགོ་འཛུགས་སྐབས་ནས་བཟུང་འགན་ཁུར་རྐང་བཞེས་གནང་མཁན་ཟམ་གདོང་རིན་པོ་ཆེ་རེད། ངོས་རང་ནང་བཞིན་རིན་པོ་ཆེ་ཡང་རྒས་ཤིང་འཁོགས་པ་ཆགས་ཡོང་གི་ཡོད། འོན་ཀྱང་བོད་བསྟན་པ་དང་བོད་མིའི་ཤེས་ཡོན་བཅས་ཀྱི་ཐོག་སོ་སོའི་མི་ཚེ་ཧྲིལ་པོ་བཏང་བ་ལྟ་བུ་རེད། རིན་པོ་ཆེ་ལའང་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ངོས་རང་ཉེ་ཆར་ཀུམྦྷ་མེ་ལཱར་ཕྱིན་པའི་སྐབས་སུ་རིན་པོ་ཆེ་སྐད་བསྒྱུར་ཆེད་ཕེབས་ཤོག་ཟེར་ནས་རིན་པོ་ཆེ་མཉམ་དུ་ཡོད། ཀུམྦྷ་མེ་ལཱ་ནས་རིན་པོ་ཆེ་ལ་བྱིན་རླབས་ཐོབ་པ་དེ་རྐང་པ་ཏོག་ཙམ་སྐྱོན་ཤོར་བ་རེད། དྲང་སྲོང་རྒས་དང་མི་རྒས་མགོ་ལ་གཟིགས་དང་། ཞེས་བཤད་སྲོལ་ཡོད་པ་བཞིན་རིན་པོ་ཆེ་དབུ་དཀར་པོ་དཀར་རྐྱང་ཆགས་ཡོད། འོན་ཀྱང་དེ་རིང་དབུ་སྐྲ་བཞར་བ་ཡིན་སྟབས། དཀར་པོ་དེ་མངོན་གསལ་དོད་པོ་རང་མི་འདུག སྐྲ་ལོ་དུང་ལྟར་དཀར་པོ་ཆགས་ཏེ་འཁར་རྒྱུག་འཁྱེར་ནས་འགྲོ་དགོས་པ་ཆགས་ཡོད་ཀྱང་། ད་བར་ཧུར་ཐག་འབད་ཐག་བྱས་པ་རེད། ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན།” ཞེས་སོགས་བཀའ་སྩལ།
མཐར་དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་དང་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་ནང་། “ཤེས་ཡོན་ཤེས་ཡོན་སྲིད་ཇུས་གཏན་འབེབས་ལ་སྐུ་ངལ་ལྷུར་བཞེས་གནང་མཁན་དང་སློབ་གྲྭ་འདིར་མཐའ་གཅིག་ཏུ་གཟིགས་སྐྱོང་གནང་མཁན་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནད་སྨིན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ།” ཞེས་སོགས་ཞུས་རྗེས་བཀྲ་ཤིས་པའི་དུས་ཆེན་གྱི་མཛད་སྒོ་ལེགས་གྲུབ་བྱུང་།