༈  སྨན་རྩིས་ཁང་མཐོ་སློབ་ཏུ་གསུང་བཤད་གནང་བ།

༄༅།།  ཇི་ལྟར་ཟླ་ཤས་སྔོན་ནས་ཞུས་པ་བཞིན་ ༢༠༡༩ ཕྱི་ཟླ་ ༩ ཚེས་ ༡༠ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་དུ་ ‘སྲོལ་རྒྱུན་རིག་གནས་ལ་སློབ་གཉེར་བྱ་ཚུལ་’ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཆེད་ཕེབས་ཤིང་།  ཐོག་མར་སྨན་རྩིས་མཐོ་སློབ་ཀྱི་རྩིས་དགེ་བློ་ལྡན་ལགས་ནས་ངོ་སྤྲོད་དང་དགའ་བསུའི་གསུང་བཤད་གནང་རྗེས།

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྲོལ་རྒྱུན་དང་དེང་རབས་གཉིས་ཀྱི་ཁྱད་པར་ནི་སྲོལ་རྒྱུན་པ་ནི་ཞིབ་ཚགས་དང་ཆ་ཚང་བ་ཡིན་པ་དང་། དེང་རབས་པ་ནི་ཧོལ་རྒྱུགས་དང་ཕྱོགས་རེ་བ་ཡིན་ཚུལ་དང་། སྲོལ་རྒྱུན་ཡིན་ན་ཚད་མའི་སྐྱེས་བུ་ལས་བྱུང་བ། བརྒྱུད་པ་བར་མ་ཆད་པ། རིགས་པ་དང་རྒྱུ་མཚན་གྱིས་དཔྱད་བཟོད་པ་བཅས་དགོས་ཚུལ། དེང་རབས་ནི་དེ་ལས་ལྡོག་པ་མ་ཟད། ཨ་གསར་ཅན་དང་། རང་ཉིད་རང་ཐོག་ལངས་པ། འཚེ་བ་བཅས་ཡིན་ཚུལ། རིག་གནས་ལྔའི་སྐོར་དང་། རིག་གནས་ལྔའི་བརྗོད་ཚུལ་མི་འདྲ་བ་ཡོད་ཚུལ། དེ་ནས་རིག་གནས་བཅུའི་གྲངས་འདྲེན་ལ་མི་འདྲ་བ་ཡོད་ཚུལ།

རིག་གནས་ལྔའི་ནང་སྒྲ་དང་ཚད་མ་རིག་པ་ཇི་ལྟར་གལ་ཆེ་ཚུལ། བོད་ཀྱི་སྐད་ཡིག་ནང་སྡེབ་སྦྱོར་རང་ཆས་སུ་ཡོད་ཀྱང་དེའི་མཚན་ཉིད་སྟོན་པའི་གཞུང་མེད་ཚུལ། སྲོལ་རྒྱུན་གྱི་རིག་གནས་ཚང་མ་རིག་གནས་ལྔའི་ནང་འདུ་དང་མི་འདུའི་སྐོར། སྲོལ་རྒྱུན་རིག་གནས་ལ་སློབ་གཉེར་བྱ་ཚུལ་ནི་བསླབ་པ་གསུམ་གྱི་གོ་རིམ་གྱིས་བགྲོད་དགོས་ཚུལ། ནང་དོན་རིག་པ་ཡིན་ན་ཐོས་བསམ་སྒོམ་གསུམ་ཐོག་ནས་འགྲོ་དགོས་ཚུལ། ཤེས་པ་དང་ཆ་བཞག་པ་ལ་ཁྱད་པར་འབྱེད་དགོས་ཚུལ། བོད་ཀྱི་སྲོལ་རྒྱུན་རིག་གནས་སློབ་སྦྱོང་བྱེད་པ་ལ་བོད་སྐད་ཀྱི་གནས་ཚད་དང་རིགས་ལམ་ཕྲན་བུ་ཆགས་པ་ཞིག་དགོས་གལ་ཆེ་ཚུལ་སོགས་རྒྱས་པར་གསུངས། དེ་ནས་རིན་པོ་ཆེས་དྲི་བ་ཁག་ལ་ལན་འདེབས་གནད་སྨིན་གནང་མཐར། སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེ་པདྨ་རྒྱལ་མཚན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་གྲོལ།