༈ ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅུ་གསུམ་པའི་དབུ་འབྱེད་མཛད་སྒོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༢༠༡༩ ཕྱི་ཟླ་ ༨ ཚེས་ ༡༩ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ས་རཱ་མཐོ་སློབ་གཞོན་ནུ་རུ་ཁག་གི་གོ་སྒྲིག་འོག་ས་རཱ་མཐོ་སློབ་ཀྱི་གཙུག་ལག་ཁང་དུ་༧གོང་ས་མཆོག་གིས་མི་ལོ་ ༦༠ རིང་བསྩལ་བའི་བཀའ་སློབ་ལས་དགོངས་གཞིའི་འཕེལ་རིམ་ལ་སློབ་སྦྱོང་ཞུ་བ་ཞེས་པའི་ཉིན་གསུམ་གྱི་ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅུ་གསུམ་པའི་དབུ་འབྱེད་མཛད་སྒོར་ཆེད་ཕེབས་གནང་བ་མ་ཟད། བོད་ཀྱི་མདུན་ལམ་དང་བོད་མིའི་ལེགས་བྱང་རྒྱུན་གནས་ཀྱི་དགོངས་གཞིའི་འཕེལ་རིམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཞིང་། དེའང་ཐོག་མར་སྐུ་མགྲོན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྣང་གསལ་སྒྲོན་མེ་ཞལ་འབྱེད་དང་། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་ཕུལ་བ། གསོལ་ཇ་འབྲས་སིལ་འདེགས་འབུལ། ས་རཱ་མཐོ་སློབ་གཞོན་ནུ་རུ་ཁག་གི་ཚོགས་གཙོ་དར་རྒྱས་ལགས་ཀྱིས་བགྲོ་གླེང་གི་དགོས་དམིགས་སྐོར་གཏམ་བཤད། རིགས་སློབ་མ་ལག་གཉིས་ཀྱི་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས་རིག་སློབ་མ་ལག་གཉིས་ཀྱི་ངོ་སྤྲོད་རགས་བསྡུས།

དེ་ནས་སྐུ་མགྲོན་གཙོ་བོ་རིན་པོ་ཆེ་མཆོག་གིས་རིག་པ་དང་རིག་གནས་དབར་གྱི་ཁྱད་པར་དང་། ༧གོང་ས་མཆོག་གིས་མི་ལོ་ ༦༠ རིང་བསྩལ་བའི་བཀའ་སློབ་ལས་དགོངས་གཞིའི་འཕེལ་རིམ་ལ་སློབ་སྦྱོང་ཞུ་རྒྱུ་དེ་ཧ་ཅང་རྒྱ་ཆེ་གཏིང་ཟབ་ཡིན་པས་ཇི་བཞིན་བཤད་ཐུབ་དཀའ་ཚུལ་སོགས་ལས་བརྩམས་ཏེ་གསུང་བཤད་རྒྱས་པར་ཕེབས་པ་མ་ཟད།

དྲི་བ་ཁག་ལ་ལན་འདེབས་ཀྱང་གནད་སྨིན་བསྩལ། དེ་ནས་ས་རཱ་མཐོ་སློབ་གཞོན་ནུ་རུ་ཁག་གི་ཚོགས་གཙོ་དར་རྒྱས་ལགས་ཀྱིས་སྐུ་མགྲོན་གཙོ་བོ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ཐུགས་རྗེ་ལེགས་གསོལ་ཕུལ་མཐར། ས་རཱ་མཐོ་སློབ་གཞོན་ནུ་རུ་ཁག་གི་དྲུང་ཡིག་ཆོས་རྒྱལ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་གྲོལ་བ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ།