༈  ལྷོ་ཕྱོགས་སྦེལ་ཀོབ་ས་གནས་སུ་མཛད་འཕྲིན།

༄༅།།  ༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་སྔ་དྲོ་གཱཾདྷཱིའི་རིག་སློབ་ཁང་ནས་ཕེབས་ཐོན་གྱིས་པབ་ནཱར་བསྟི་གནས་སུ་ཨཱཅཱརྱ་བིནོབཱ་བྷཱབེ་མཆོག་གི་བཞུགས་གནས་སུ་མཆོད་མཇལ་ཞུས།  དེ་ནས་ནཱག་པུར་ནས་གནམ་ཐོག་ཕེབས་ཐོན་གྱིས་སྦེང་ལོར་བརྒྱུད་ཕྱི་དྲོ་སེར་བྱེས་ལྭ་བ་ཁམས་ཚན་དུ་འབྱོར་སྐབས་འདུས་མང་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་འཇོལ་པ་མང་ཚོགས་ཀྱིས་བསུ་བ་རྒྱ་ཆེར་ཞུས།

 

༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་རྒྱབ་སེར་བྱེས་འབྲིང་རིམ་སློབ་གྲྭའི་གོ་སྒྲིག་འོག་སེར་བྱེས་སློབ་གྲྭའི་ཚོགས་ཁང་དུ་ “དུས་རབས་ཉེར་གཅིག་ནང་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་འཛམ་གླིང་ནང་ཁྱབ་སྤེལ་གཏོང་རྒྱུར་བྱེས་ཀྱི་གདན་སའི་སློབ་གྲྭ་ཁག་གི་བགོ་སྐལ་ལས་འགན་དང་ལས་དོན་སྒྲུབ་ཕྱོགས་སྐོར་” ཞེས་པའི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གནང་ཞིང་།  དེ་རྗེས་སེར་བྱེས་འབྲིང་རིམ་སློབ་གྲྭས་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དུས་ཚིགས་དང་བསྟུན་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་རྟེན་གསུམ་སོགས་འདེགས་འབུལ་ཞུས་འདུག

༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༢༠ ཉིན་སྔ་དྲོ་འཇོལ་པ་སེར་སྐྱ་མང་ཚོགས་ཐུན་མོང་གིས་སེར་བྱེས་ལྭ་བ་ཁམས་ཚན་གྱི་གཙུག་ལག་ཁང་དུ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དུས་ཚིགས་དང་བསྟུན་མདོ་ལུགས་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་ཤིང་།  སྐབས་དེར་སེར་བྱེས་མཁན་རིན་པོ་ཆེ་དང་།  རྒྱུད་སྨད་མཁན་རིན་པོ་ཆེ།  ཀོང་པོ་མཁན་ཟུར།  རྒྱལ་སྲས་བླ་སྤྲུལ།  བཙན་བྱོལ་བོད་གཞུང་གི་ལྷོ་སྤྱི་དང་ལྷོ་ཕྱོགས་གཞིས་ཆགས་ལྔའི་ས་གནས་འགོ་འཛིན་རྣམ་པ།  ཕྱི་རྒྱལ་དང་རྒྱ་གར་གྱི་ཡུལ་གྲུ་དུ་མ་ནས་ཕེབས་པའི་འཇོལ་པ་མང་ཚོགས་སོགས་ཕོན་ཆེ་འདུ་འཛོམས་འདུག

དེའི་ཉིན་རྒྱབ་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་གདན་ས་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་དུ་ཆེད་ཕེབས་ཀྱིས་དེ་གའི་འདུས་ཚོགས་ལ་ལམ་སྟོན་གསུང་བཤད་གནང་འདུག

ཕྱི་དྲོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཉེ་འཁོར་དུ་གནས་པའི་ཝཱ་ཎ་སློབ་ཟུར་བ་རྣམས་ཀྱིས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་འཁྲུངས་ཚེས་སྲུང་རྩི་དང་བཀའ་དྲིན་རྗེས་དྲན་སླད་མཇལ་བཅར་གྱིས་འབུལ་རྟེན་དང་འཚམས་ཞུ་ཕུལ་བ་མ་ཟད།  ཇི་ལྟར་གསོལ་བ་བཏབ་པ་བཞིན་ལམ་སྟོན་གསུང་བཤད་ཀྱང་གནང་འདུག

༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་སྔ་དྲོ་ཕྱི་རྒྱལ་དང་རྒྱ་གར་གྱི་ཡུལ་གྲུ་དུ་མ་ནས་ཕེབས་པའི་འཇོལ་པ་མང་ཚོགས་ལ་བླང་དོར་གྱི་གསུང་བཤད་བསྩལ།

ཉིན་རྒྱབ་འཇོལ་པ་མང་ཚོགས་ཐུན་མོང་ནས་གསོལ་འདེབས་ཞུས་པ་བཞིན་སེར་བྱེས་ལྭ་བ་ཁམས་ཚན་གྱི་གཙུག་ལག་ཁང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་གསུང་ཆོས་བཀའ་དྲིན་བསྩལ་འདུག

༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༢༢ ཉིན་སྔ་དྲོ་སེར་བྱེས་ལྭ་བ་ཁམས་ཚན་ནས་ཕེབས་ཐོན་གྱིས་ཀནྣུར་བརྒྱུད་ཕྱི་དྲོ་དིལླཱིར་ཕེབས་འབྱོར་དང་།  ༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་སྔ་དྲོ་དིལླཱི་ནས་ཕེབས་ཐོན་གྱིས་དྷརྨ་ཤཱ་ལཱར་བདེ་འབྱོར་བྱུང་བ་བཅས།