༈ ལྷོ་ཀོ་རི་ཡར་མཛད་འཕྲིན་བསྐྱངས་པ།

༄༅།། ༢༠༡༨ ཕྱི་ཟླ་ ༡༢ ཚེས་ ༡༣ ནས་ ༡༦ བར་ ༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྷོ་ཀོ་རི་ཡའི་གྱི་ཡོང་ཇུའི་ས་གནས་ཀྱི་ཧ་ཝང་ཉོང་ཝོན་ཚོགས་ཁང་དུ་ནཱ་ལེནྡྲའི་རིང་ལུགས་འཛིན་སྐྱོང་ཁང་གི་གོ་སྒྲིག་འོག་རྗེ་ཙོང་ཁ་པས་མཛད་པའི་ལམ་རིམ་བསྡུས་དོན་ནམ་ལམ་རིམ་ཉམས་མགུར་གྱི་བཀའ་ཁྲིད་བསྐྱངས།

ཕྱི་ཟླ་ ༡༢ ཚེས་ ༡༦ ཉིན་རྒྱབ་ལྷོ་ཀོ་རི་ཡའི་གྱི་འོང་བུག་མངའ་སྡེའི་ཆེ་འོང་དོ་རྫོང་ཁོངས་སུ་གནས་པའི་ཨུན་མུན་ས་ཞེས་པའི་བཙུན་མའི་བཤད་གྲྭའི་རབ་བྱུང་མ་རྣམས་ལ་ “ནང་ཆོས་སློབ་གཉེར་བྱེད་སྐབས་ལམ་རིམ་གལ་ཆེ་ཚུལ་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཞིང་། དེ་ནི་ནཱ་ལེནྡྲའི་རིང་ལུགས་འཛིན་སྐྱོང་ཁང་གི་མཐུན་འགྱུར་གནང་བ་ཞིག་ཡིན།

ཕྱི་ཟླ་ ༡༢ ཚེས་ ༡༧ ཉིན་ལྷོ་ཀོ་རི་ཡའི་གྱི་འོང་བུག་མངའ་སྡེའི་ཆེ་འོང་དོ་རྫོང་ཁོངས་སུ་གནས་པའི་ཧ་ཝང་ཉོང་ཝོན་མཆོད་རྟེན་དུ་གནས་མཇལ་དང་། གྱི་ཡོང་ཇུའི་ནང་གནས་པའི་སེ་ཡོཀ་གུ་རམ་གྱི་སྟོན་པའི་སྐུ་བྱིན་ཅན་དང་དགོན་པ་གྲགས་ཅན་བུལ་གུཀ་ས་མཇལ་བ།

ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་རྒྱབ་ལྷོ་ཀོ་རི་ཡའི་རྒྱལ་ས་སི་ཨོལ་དུ་རྟེན་གཞི་བྱས་པའི་བབ་ར་ཡུན་ས་དགོན་པར་མང་ཚོགས་ལ་ “ནང་པའི་གསང་སྔགས་ཉམས་སུ་ལེན་པ་ལ་ལམ་ཐབས་ཤེས་གཉིས་གལ་ཆེ་ཚུལ་” ཐོག་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་།

ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་རྒྱབ་ལྷོ་ཀོ་རི་ཡའི་རྒྱལ་ས་སི་ཨོལ་དུ་རྟེན་གཞི་བྱས་པའི་བོད་དགོན་བསླབ་གསུམ་བཤད་སྒྲུབ་གླིང་དུ་རྗེ་ཙོང་ཁ་པས་མཛད་པའི་ “ལམ་གཙོ་རྣམ་གསུམ་” གྱི་བཀའ་ཁྲིད་བསྐྱངས་མཐར། བྱང་སེམས་སྡོམ་འབོགས་མཛད་འདུག