༈ ལྷོ་ཀོ་རི་ཡར་ཕྱོགས་ཕེབས་གནང་བ།
༄༅།། ༢༠༡༩ ཕྱི་ཟླ་ ༡༠ ཚེས་ ༩ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བཞུགས་སྒར་དྷ་ས་ནས་ཕེབས་ཐོན་གྱིས་དིལླཱིའི་བརྒྱུད་ཚེས་ ༡༡ སྔ་དྲོ་ལྷོ་ཀོ་རི་ཡའི་གྲོང་ཁྱེར་བུ་སན་དུ་འབྱོར།
ཕྱི་ཟླ་ ༡༠ ཚེས་ ༡༢ ནས་ཚེས་ ༡༥ བར་ཉིན་བཞིའི་རིང་སྔ་དྲོ་དང་ཕྱི་དྲོ་བཅས་ཆོས་ཐུན་གཉིས་ལ་ལྷོ་ཀོ་རི་ཡའི་གྱི་ཡོང་ཇུ་ས་གནས་སུ་རྟེན་གཞི་བྱས་པའི་ནཱ་ལནྡཱའི་རིང་ལུགས་འཛིན་སྐྱོང་ཁང་གི་གོ་སྒྲིག་འོག་ཧ་ཝང་ཉོང་ཝོན་ཚོགས་ཁང་དུ་དམ་ཆོས་པདྨ་དཀར་པོའི་མདོའི་ནང་ཚན་གླེང་གཞིའི་ལེའུ་དང་། ཐབས་ལ་མཁས་པའི་ལེའུ། དཔེའི་ལེའུ། དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་ཀྱི་ལེའུ། སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་འཕྲུལ་པ་བསྟན་པ་ཀུན་ནས་སྒོའི་ལེའུ་བཅས་ཀྱི་ཐོག་གསུང་ཆོས་དང་དྲི་བ་ཁག་ལ་ལན་འདེབས་གནང་འདུག
ཚེས་ ༡༦ སྔ་དྲོ་དགེ་བསྙེན་གྱི་སྡོམ་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་བཅས་ཀྱི་སྐོར་གསུང་ཆོས་རྒྱས་པ་བསྩལ་བ་མ་ཟད། ཕྱི་དྲོ་དགེ་བསྙེན་དང་བྱང་ཆུབ་སེམས་དཔའི་སྡོམ་པ་གནང་འདུག
ཚེས་ ༡༧ ཉིན་སྔ་དྲོ་གནད་ཡོད་མི་འགའ་ཤས་མཇལ་བ་དང་། ཕྱི་དྲོ་གྱི་ཡོང་ཇུའི་ས་གནས་ཀྱི་ཉེ་འདབས་སུ་ཆགས་པའི་གྲགས་ཆེ་བའི་ཡང་དོང་སྲོལ་རྒྱུན་གྲོང་གསེབ་ཏུ་གཟིགས་སྐོར་གནང་འདུག
ཚེས་ ༡༨ སྔ་དྲོ་གྱི་ཡོང་ཇུ་ནས་ཕེབས་ཐོན་གྱིས་བུ་སན་དུ་རྟེན་གཞི་བྱས་པའི་ཀོ་རི་ཡ་བོད་ཀྱི་ཆོས་ཚོགས་སུ་འབྱོར། ཕྱི་དྲོ་ཀོ་རི་ཡའི་བོད་ཀྱི་ཆོས་ཚོགས་ཀྱི་གོ་སྒྲིག་འོག་དེ་གའི་གཙུག་ལག་ཁང་དུ་དད་ལྡན་ཆོས་ཞུ་བ་རྣམས་ལ་སྐྱབས་འགྲོའི་སྡོམ་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་བསྩལ་བ་མ་ཟད། སངས་རྒྱས་ཆོས་ཚོགས་མ་དང་སྦྲགས་ཏེ་གསུང་ཆོས་བཅས་གནང་ཞིང་། གསུང་ཆོས་ཟིན་འཕྲལ་ PALE DE CZ མགྲོན་ཁང་དུ་ཕེབས།
ཚེས་ ༡༩ དང་ ༢༠ བཅས་ཉིན་གཉིས་རིང་སྔ་དྲོ་དང་ཕྱི་དྲོ་བཅས་ཐུན་གཉིས་ལ་ལྷོ་ཀོ་རི་ཡའི་གྱི་ཡོང་ཇུ་ས་གནས་སུ་རྟེན་གཞི་བྱས་པའི་ནཱ་ལནྡཱའི་རིང་ལུགས་འཛིན་སྐྱོང་ཁང་དང་བུ་སན་དུ་རྟེན་གཞི་བྱས་པའི་མུར་ཡང་སན་ཝན་དགོན་པ་གཉིས་ཟུང་འབྲེལ་གྱི་གོ་སྒྲིག་འོག་ལྷོ་ཀོ་རི་ཡའི་གྲོང་ཁྱེར་བུ་སན་གྱི་ Munhwa Broadcasting Corporation ཞེས་པའི་ཚོགས་སྡེ་དེའི་ཚོགས་ཁང་དུ་འཆི་བ་ལ་ལྟ་ཚུལ་ཞེས་པའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་བཅས་གནང་ཞིང་། ཉིན་དང་པོར་གཙོ་བོ་ནང་པའི་གཞུང་ལུགས་ནས་བྱུང་བའི་འཆི་རིམ་སྐོར་དང་། ཉིན་གཉིས་པར་གཙོ་བོ་འཆི་བའི་སྐབས་སུ་བསམ་བློ་གཏོང་སྟངས་ཐོག་གསུངས་འདུག ད་རེས་ལྷོ་ཀོ་རི་ཡའི་ཕྱོགས་བསྐྱོད་སྐབས་གསུང་སྒྱུར་ནཱ་ལནྡཱའི་རིང་ལུགས་འཛིན་སྐྱོང་ཁང་གི་འགན་འཛིན་བསྟན་འཛིན་སྒྲོན་མེ་ལགས་ནས་གནང་འདུག
ཚེས་ ༢༡ ཉིན་སྔ་དྲོ་ལྷོ་ཀོ་རི་ཡའི་གྲོང་ཁྱེར་བུ་སན་ནས་ཕེབས་ཐོན་གྱིས་དིལླཱིའི་བརྒྱུད་ཚེས་ ༢༢ ཉིན་བཞུགས་སྒར་དྷ་སར་བདེ་འབྱོར་བྱུང་བའི་གནས་ཚུལ་མདོར་བསྡུས་སུ།