༈ རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོར་གསུང་བཤད་གནང་བ།

༄༅།། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༦ ནས་ ༣༡ བར་ཉིན་དྲུག་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོའི་ཚོགས་ཆེན་བསྐོང་ཚོགས་གནང་ཡོད།

ཕྱི་ཟླ་ ༥ ཚེས་ ༢༩ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་ཚོགས་བཅར་བ་རྣམས་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་ཐོག་གསུང་བཤད་དང་དྲི་བ་ཁག་ལ་བཀའ་ལན་གནང་འདུག

དེ་ཡང་རིན་པོ་ཆེ་མཆོག་གིས། སྤྱིར་སྟངས་དབུ་མའི་ལམ་གྱི་སྲིད་བྱུས་འདི་རིག་པའི་གཞུང་ལུགས་ཤིག་ཆགས་ཡོད། རྒྱ་ཆེ་ས་དང་རྒྱབ་ལྗོངས་ཀྱི་གནས་ཚུལ་མང་པོ་ཞིག་མ་མཁྱེན་པ་ཡིན་ན་མཐའ་ཆོད་པ་དང་ཡང་དག་པ་ཞིག་མཁྱེན་ཐུབ་རྒྱུ་ཁག་པོ་རེད། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་དབུ་མའི་ལམ་གྱི་རྩ་བའི་བསྟན་བཅོས་ལྟ་བུ་ཞིག་རེད། ཅེས་སོགས་རྒྱས་པར་གསུངས་ཡོད།

ཚོགས་ཆེན་མཇུག་བསྡོམས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་སླར་ཡང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་སྐབས་དེར་རིན་པོ་ཆེ་མཆོག་གིས། ཐེངས་འདིའི་ཚོགས་ཆེན་ཐོག་ཕེབས་པའི་གཞོན་སྐྱེས་གཙོས་ཚོགས་བཅར་བ་རྣམས་ལ་དགའ་བསུའི་བསྔགས་བརྗོད་དང་འབྲེལ། དབུ་མའི་ལམ་གྱི་སྲིད་བྱུས་འདི་བཞིན་བོད་དོན་བདེན་མཐའ་གསལ་ཐབས་སུ་གྲོས་བསྡུར་རིམ་པ་གནང་མཐར་མང་གཙོའི་ལམ་ནས་གཏན་འབེབས་གནང་བའི་སྲིད་བྱུས་ཤིག་ཡིན། ཞེས་དང་།

ལྷག་དོན་སྲིད་བྱུས་འདི་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་བར་སྲིད་བྱུས་དེའི་དགོངས་དོན་རྟོགས་དགོས་པ་གལ་ཆེན་པོ་ཡིན་སྟབས། སྲིད་བྱུས་དེ་དང་འབྲེལ་བའི་ཡིག་ཆ་ཁག་ལ་གཟིགས་རྒྱུ་ཤིན་ཏུ་གལ་ཆེ་ཚུལ་གྱི་ལམ་སྟོན་གནང་བ་མ་ཟད། མ་འོངས་པར་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་རིགས་གཏང་དགོས་བྱུང་ཡང་དབུ་མའི་ལམ་གྱི་སྒྲོམ་གཞི་ལ་ཆེ་ས་ནས་འགྱུར་བ་གཏང་དགོས་པ་ཆགས་ཀྱི་མ་རེད། ཅེས་དང་། རྒྱ་ནག་གི་དམག་སྲིད་དཔལ་གསུམ་གྱི་གནས་བབ་དང་། ང་ཚོ་བོད་པའི་ལག་ཏུ་ཡོད་པའི་གདམ་ག་སོགས་ཕྱོགས་གང་ནས་བལྟས་ཀྱང་དབུ་མའི་ལམ་འདི་ལས་བཟང་བ་ཞིག་མེད། ཅེས་དང་།

སྐབས་དེར་བོད་མི་མང་སྤྱི་འཐུས་ལས་ཟུར་དང་། གཞན་ཡང་ས་གནས་ཁག་ ༣༠ ཙམ་ནས་ཚོགས་བཅར་བ་ ༤༠༠ ལྷག་དང་། ཚོགས་སྐྱིད་ཁག་གི་སྐུ་ཚབ། སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༥༢༠ ལྷག་འཛོམས་འདུག