༈ རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་ཤིམ་ལཱར་གསུང་བཤད་ཁག་གནང་བ།

༄༅།། ཤིམ་ལཱར་རྟེན་གཞི་བྱས་པའི་ཁུ་ནུ་དང་གར་ཞ་སྤི་ཏི་ནང་པའི་ཞབས་ཞུ་ཚོགས་པས་ (Kinnaur, Lahaul-Spiti Bodh Sewa Sangh, Shimla) གདན་འདྲེན་ཞུས་པ་ལྟར་ ༢༠༡༩ ཕྱི་ཟླ་ ༤ ཚེས་ ༡༩ སྔ་དྲོ་དིལླཱི་ནས་མེ་འཁོར་བརྒྱུད་ཀཱལ་ཀཱ་དང་། དེ་ནས་ཕྱི་དྲོ་རྒྱ་གར་མཐོ་རིམ་སློབ་གཉེར་ཁང་ (Indian Institute of Advanced Study) གི་མགྲོན་ཁང་དུ་ཕེབས་འབྱོར་སྐབས་ཁུ་ནུ་དང་གར་ཞ་སྤི་ཏི་ནང་པའི་ཞབས་ཞུ་ཚོགས་པ་དང་།

རྒྱ་གར་མཐོ་རིམ་སློབ་གཉེར་ཁང་བཅས་ཀྱི་མི་སྣ། དེ་བཞིན་ཤིམ་ལཱ་ས་གནས་འགོ་འཛིན་དང་བོད་མིའི་སྤྱི་ཚོགས་ཀྱི་འབྲེལ་ཡོད་མི་སྣ། རྡོ་རྗེ་བྲག་དགོན་པའི་མི་སྣ་བཅས་ནས་ཕེབས་བསུ་ཞུས།

ཚེས་ ༢༠ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གེ་ཡི་ཀྲི་ཐི་ཡེ་ཀྲར་ (Gaiety Theatre) ཞེས་པའི་ཚོགས་ཁང་དུ་ཁུ་ནུ་དང་གར་ཞ་སྤི་ཏི་ནང་པའི་ཞབས་ཞུ་ཚོགས་པ་བཙུགས་ཏེ་ལོ་གསུམ་འཁོར་བའི་ཉིན་མོར་མར་མེ་ཞལ་དབྱེ་དང་། དཔེ་དེབ་ཁག་དབུ་འབྱེད། ཚོགས་པའི་མི་སྣ་རྣམས་ལ་གཟེངས་བསྟོད་ཕྱག་འཁྱེར་བསྩལ་བ། དེ་བཞིན་རྟེན་ཅིང་འབྲེལ་བར་འབྱུང་བའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་ཞིང་། སྐབས་དེར་ཧི་མཱ་ཅལ་མངའ་སྡེ་གཞུང་གི་དཔོན་རིགས་དང་། སློབ་དཔོན་ཆེན་པོ། འབྲི་རྩོམ་པ། ཁྲིམས་རྩོད་པ། དགེ་རྒན། སློབ་ཕྲུག་སོགས་འདུ་འཛོམས་འདུག

ཚེས་ ༢༡ ཉིན་ཁུ་ནུ་དང་གར་ཞ་སྤི་ཏི་ནང་པའི་ཞབས་ཞུ་ཚོགས་པའི་གོ་སྒྲིག་འོག་རྡོ་རྗེ་བྲག་དགོན་པའི་གཙུག་ལག་ཁང་དུ་སྔ་དྲོ་དང་ཕྱི་དྲོ་བཅས་ཐུན་གཉིས་སུ་བསླབ་པ་གསུམ་གྱི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་བཅས་གནང་མཐར། ཁུ་ནུ་དང་གར་ཞ་སྤི་ཏི་ནང་པའི་ཞབས་ཞུ་ཚོགས་པའི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སོང་། སྐབས་དེར་དེ་ཁུལ་གནས་པའི་ཁུ་ནུ་དང་། སྤི་ཏི། གར་ཞའི་ནང་པ་རྣམས་དང་། བོད་མི་སོགས་ཕེབས་འདུག རིན་པོ་ཆེ་མཆོག་ཤིམ་ལཱར་ཕེབས་པ་ཤེས་འཕྲལ།

ཚེས་ ༢༢ ཉིན་ཤིམ་ལཱར་རྟེན་གཞི་བྱས་པའི་རྒྱ་གར་མཐོ་རིམ་སློབ་གཉེར་ཁང་གི་ཕུལ་བྱུང་གསུང་བཤད་ཕྲེང་བའི་ (Distinguished Lecture Series) ཁོངས་དམིགས་བསལ་གསུང་བཤད་ཅིག་གོ་སྒྲིག་ཞུས་ཤིང་། ཐོག་མར་མཐོ་སློབ་ཀྱི་ཚོགས་གཙོ་སློབ་དཔོན་ཆེན་པོ་ཀ་པིལ་ཀ་པཱུར་ (Prof. Kapil Kapoor) མཆོག་ནས་རིན་པོ་ཆེ་མཆོག་གི་ངོ་སྤྲོད་དང་། དེ་ནས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ད་ལྟའི་དུས་ཀྱི་འཛམ་གླིང་ནང་ཆོས་ཀྱི་སྟོབས་ཤུགས་ (The power of Dharma in comtemporary world) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་རྗེས།

མཐོ་སློབ་ཀྱི་ངེས་སྟོན་པ་སློབ་དཔོན་ཆེན་པོ་མཀ་རནྡ་པ་རན་ཇ་པེ་ (Prof. Makarand Paranjape) མཆོག་ནས་འགྲེལ་བརྗོད། མཐར་མཐོ་སློབ་ཀྱི་དྲུང་ཆེ་སྐུ་ཞབས་པྲེམ་ཅནྡ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཞིང་། སྐབས་དེར་ཕྱོགས་མཐའ་ཁག་ནས་མཁས་དབང་རྣམ་པ་དང་། གནད་ཡོད་མི་སྣ་སོགས་ཕེབས་ཡོད། དེ་གའི་ཉིན་རྒྱབ་ཏུ་ཤིམ་ལཱ་ནས་ཕེབས་ཐོན་གྱིས་ཀཱལ་ཀཱ་ནས་མེ་འཁོར་བརྒྱུད་མཚན་མོ་དིལླཱིར་འབྱོར།