༈ རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དང་སེར་བྱེས་སུ་མཛད་འཕྲིན་བསྐྱངས་པ།
༄༅།། ༢༠༡༧ ཕྱི་ཟླ་ ༤ ཚེས་ ༡༡ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བཞུགས་སྒར་དྷ་ས་ནས་དིལླཱིར་ཕེབས་འབྱོར་གྱིས་ཚེས་ ༡༢ ཉིན་སྔོན་ནས་དུས་ཚོད་བཟོས་པའི་མི་སྣ་འགའ་ཞིག་དང་མཇལ་འཕྲད་གནང་རྗེས་ཚེས་ ༡༣ ཉིན་སྦེང་ལོར་དུ་རྒྱ་གར་གྱི་ཀྲྀཥྞམཱུརྟི་ཐེབས་རྩ་ཁང་དུ་༧ཞབས་སོར་བཀོད།
དེའི་ཕྱི་དྲོ་ཐེབས་རྩའི་སློབ་གཉེར་ཁང་ (Study Centre) གི་གོ་སྒྲིག་འོག་ཐེབས་རྩའི་སློབ་གྲྭའི་དགེ་རྒན་དང་ལས་བྱེད། དེ་བཞིན་རྒྱལ་ས་སྦེང་ལོར་ནས་ཕེབས་པའི་ཀྲྀཥྞམཱུརྟིའི་ལྟ་གྲུབ་ཐོག་དོན་གཉེར་ཡོད་པ་རྣམས་ཀྱི་ལྷན་དུ་བགྲོ་གླེང་དང་དྲི་བར་ལན་འདེབས་གནང་བ་མ་ཟད། རྒྱུན་ལྡན་ནས་རིན་པོ་ཆེ་མཆོག་དེ་ཁུལ་ནམ་ཕེབས་ལ་ཀྲྀཥྞམཱུརྟི་ཐེབས་རྩའི་གསོལ་ཚིགས་ཁང་དུ་ཞལ་ལག་སྐབས་སུའང་དོན་གཉེར་བ་རྣམས་ཀྱི་དྲི་བར་ལན་འདེབས་གནང་མུས་ཡིན་འདུག
༢༠༡༧ ཕྱི་ཟླ་ ༤ ཚེས་ ༡༥ ཉིན་སྔ་དྲོ་རྒྱ་གར་གྱི་ཀྲྀཥྞམཱུརྟི་ཐེབས་རྩ་ཁང་ནས་ཐོན་ཏེ་ཉིན་གུང་སེར་བྱེས་ཚ་བ་ཁང་ཚན་དུ་ཕེབས་འབྱོར་བྱུང་།
༢༠༡༧ ཕྱི་ཟླ་ ༤ ཚེས་ ༡༧ ནས་ཚེས་ ༢༣ བར་སེར་བྱེས་ཚྭ་བ་ཁམས་ཚན་དུ་རྗེ་ཙོང་ཁ་པས་མཛད་པའི་ལམ་རིམ་བསྡུས་དོན་ནམ་ལམ་རིམ་ཉམས་མགུར་རམ་ལམ་རིམ་བསྡུས་དོན་གྱི་བཀའ་ཁྲིད་བསྐྱངས་ཤིང་། ཉིན་ལྟར་སྔོན་འགྲོའི་གསུང་ཆོས་སུ་པཎ་གྲུབ་བཅུ་བདུན་གྱིས་བརྩམས་པའི་ཚིགས་བཅད་གཅིག་དང་སྦྲགས་ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་བྱུང་བ་བཞིན་གསན་དགོས་ཚུལ་ལེགས་པར་གདམས་ཤིང་། གསུང་ཆོས་ཀྱི་ཉིན་མཐའ་མའི་མཇུག་བསྡོམས་སུ་གཞུང་ཆེན་པོ་ལ་སློབ་གཉེར་ཚུལ་བཞིན་གནང་དགོས་ཚུལ་དང་། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་དགོས་གནད་བཅས་ཀྱི་ཐོག་ལམ་སྟོན་གསུང་བཤད་མདོར་བསྡུས་ཀྱང་བསྩལ་ཏེ་གསུང་ཆོས་གྲུབ་པར་མཛད།
༢༠༡༧ ཕྱི་ཟླ་ ༤ ཚེས་ ༢༤ ཉིན་ཕྱི་དྲོ་སེར་བྱེས་ཚྭ་བ་ཁང་ཚན་ནས་སེར་བྱེས་འབྲིང་རིམ་སློབ་གྲྭའི་མགྲོན་ཁང་དུ་ཕེབས་འབྱོར་བྱུང་།
ཇི་ལྟར་སེར་བྱེས་འབྲིང་རིམ་སློབ་གྲྭ་ནས་གསོལ་བ་བཏབ་དོན་བཞིན། ༢༠༡༧ ཕྱི་ཟླ་ ༤ ཚེས་ ༢༥ ནས་ཚེས་ ༢༧ བར་སེར་བྱེས་སློབ་གྲྭའི་ཚོགས་ཁང་དུ་རྗེ་ཙོང་ཁ་པས་མཛད་པའི་དགེ་ཚུལ་གྱི་བསླབ་བྱ་གནམ་རྩེ་ལྡེང་མའི་བཀའ་ཁྲིད་བསྐྱངས་པ་དང་ལྷན་དུ་འདུལ་བའི་ཉམས་ལེན་ཇི་ལྟར་གནང་དགོས་ཚུལ་དང་། དེང་སྐབས་འདུལ་ཁྲིམས་ཉམས་ལེན་ལ་འཐུས་ཤོར་གང་ནས་ཡོང་ཚུལ་སོགས་ལམ་སྟོན་རྒྱས་པར་གནང་བ་མ་ཟད། གསུང་ཆོས་ཀྱི་ཉིན་མཐའ་མའི་མཇུག་བསྡོམས་སུ་སླར་ཡང་བླང་དོར་གྱི་བཀའ་སློབ་གསལ་བསྡུས་ཤིག་ཀྱང་བསྩལ་ཅིང་། སྐབས་དེར་སེར་བྱེས་སློབ་གྲྭ་དང་། རྫོང་དཀར་ཆོས་སྡེ། སེར་སྨད་སློབ་གྲྭ་བཅས་ཀྱི་རབ་བྱུང་སློབ་ཕྲུག་དང་། དེ་བཞིན་རབ་བྱུང་གཞན་ཡང་མང་པོ་འདུ་འཛོམས་འདུག
༢༠༡༧ ཕྱི་ཟླ་ ༤ ཚེས་ ༢༧ ཕྱི་དྲོ་སེར་བྱེས་སློབ་གྲྭ་ནས་ཕེབས་ཐོན་གྱིས་དིལླཱི་བརྒྱུད་ཚེས་ ༢༩ ཕྱི་དྲོ་བཞུགས་སྒར་དྷ་སར་ཕེབས་འབྱོར་བྱུང་།