༈ རྒྱ་གར་ལྷོ་ཕྱོགས་ཁུལ་དུ་མཛད་འཕྲིན་བསྐྱངས་པ།
༄༅།། ༢༠༡༨ ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་ཇི་ལྟར་སྦེང་ལོར་གྱི་རྒྱ་གར་ཀྲྀཥྞམཱུརྟི་ཐེབས་རྩ་ཁང་གིས་གསོལ་འདེབས་ཞུས་པ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྦེང་ལོར་དུ་རྟེན་གཞི་བྱས་པའི་རྒྱ་གར་ཀྲྀཥྞམཱུརྟི་ཐེབས་རྩའི་སློབ་གྲྭའི་སློབ་གཉེར་བ་རྒན་པ་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་།
ཕྱི་ཟླ་ ༡༡ ཚེས་ ༡༥ ཉིན་ཕྱི་དྲོ་ཇི་ལྟར་༧ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གིས་གསོལ་འདེབས་ཞུས་པ་བཞིན་དེ་གའི་མཐོ་སློབ་ཏུ་ “བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དང་ཆིག་སྒྲིལ་གྱི་ནུས་ཤུགས་སྲ་བརྟན་ཡོང་ཐབས་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་།
ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་ཇི་ལྟར་ཧོན་སུར་ས་གནས་འགོ་འཛིན་གྱིས་གསོལ་འདེབས་ཞུས་པ་བཞིན་ཧོན་སུར་རབ་རྒྱས་གླིང་མི་མང་ཚོགས་ཁང་དུ་ “༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་ཀྱི་བཞེད་དགོངས་འགྲུབ་སླད་བོད་གཞིས་བྱེས་གཉིས་ཀྱིས་བསྒྲུབ་དགོས་པའི་ལས་འགན་ཅི་ཡོད་སྐོར་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང།
ཕྱི་ཟླ་ ༡༡ ཚེས་ ༡༨ ནས་ ༢༠ བར་སེར་བྱེས་ལྭ་བ་ཁང་ཚན་གྱི་གཙུག་ལག་ཁང་དུ་སྲད་རྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་བཀའ་ཁྲིད་གནང་མཐར། ལྭ་བ་ཁང་ཚན་གྱིས་༧སྐྱབས་རྗེ་རིན་པོ་ཆེ་མཆོག་ལ་གནས་བཅུའི་སྒོ་ནས་བརྟན་བཞུགས་མདོར་བསྡུས་ཤིག་བསྟར་འབུལ་ཞུས།
ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་སེར་བྱེས་འབྲིང་རིམ་སློབ་གྲྭས་གསོལ་འདེབས་ཞུས་པ་བཞིན་སྔ་དྲོ་སློབ་གྲྭའི་ཚོགས་ཁང་དུ་ “དེང་རབས་ཀྱི་ཤེས་བྱ་རྨང་གཞིའི་ཐོག་གཞུང་ཆེན་ཁག་ལ་སློབ་གཉེར་བྱ་རྒྱུར་སྤྲོ་སྣང་སྐྱེ་ཐབས་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་བ་བཅས།