༈ རྒྱ་གར་རྒྱལ་ས་དིལླཱི་དང་མོན་གོར་དུ་ཕེབས་པ།

༄༅།། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ ༢༠༡༩ ཕྱི་ཟླ་ ༤ ཚེས་ ༡ ཉིན་བཞུགས་སྒར་དྷ་ས་ནས་དིལླཱིར་འབྱོར།

ཕྱི་ཚེས་ ༢ དང་ ༣ བཅས་ཉིན་གཉིས་རིང་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་ (India International Center) དུ་རྒྱ་གར་གནའ་བོའི་ལྟ་གྲུབ་ཀྱི་སློབ་ཚན་འཆར་གཞི་བཟོ་འགོད་ཀྱི་ཚོགས་འདུར་ཚོགས་ཞུགས་གནང་།

ཕྱི་ཚེས་ ༤ ནས་ ༦ བར་ཨན་དཱཛ་གསོལ་མགྲོན་ཁང་དུ་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་འཆར་གཞི་དབུ་འབྱེད་བསྐྱངས་པའི་མཛད་སྒོ་དང་དེ་འབྲེལ་ཚོགས་འདུ་ཁག་ལ་བཅར།

ཕྱི་ཚེས་ ༧ ཉིན་སྔ་དྲོ་དིལླཱི་ནས་སྦེང་ལོར་བརྒྱུད་ཧུབ་ལི་གནམ་ཐང་དུ་འབྱོར། སྐབས་དེར་འབྲས་སྤུངས་བློ་གསལ་གླིང་མཁན་རིན་པོ་ཆེ་དང་ཕྱག་མཛོད། སྤང་དགོན་མཆོག་སྤྲུལ་རིན་པོ་ཆེ། ཚ་བ་ཁམས་ཚན་གྱི་ལས་སྣེ་སོགས་ཕེབས་བསུས་ཀྱིས་འབྲས་བློ་གླིང་ཚ་བ་ཁམས་ཚན་དུ་གདན་དྲངས། ཕྱི་ཚེས་ ༨ ཉིན་སྔ་དྲོ་མཇལ་མི་རྣམས་ལ་དུས་ཚོད་བསྩལ། དེ་རྗེས་ཚོུད་ ༡༠།༠༠ ནས་ཕྱི་དྲོ་ཚོུད་ ༤།༣༠ བར་འབྲས་བློ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་འབྲས་བློ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་བློ་གླིང་སྤྲུལ་སྐུ་རྣམས་པ་ལྷན་ཚོགས་ཀྱིས་བརྗོད་གཞི་སྣ་ཚོགས་ཐོག་གི་དྲི་བ་ཁག་ལ་ལན་འདེབས་གནད་སྨོན་བསྩལ།

ཕྱི་ཚེས་ ༩ ཉིན་སྔ་དྲོ་ཚོུད་ ༦།༠༠ ལ་འབྲས་སྤུངས་ཚོགས་ཆེན་དང་། ཚོུད་ ༡༠།༣༠ ལ་འབྲས་བློ་གླིང་གྲྭ་ཚང་དང་། དེ་བཞིན་ཉིན་གུང་ཚོུད་༡༢།༣༠ ལ་འབྲས་བློ་གླིང་ཕུ་ཁང་ཁམས་ཚན་བཅས་སོ་སོར་སྤང་དགོན་མཆོག་སྤྲུལ་རིན་པོ་ཆེ་ཆོས་ཞུགས་མཛད་སྒོར་བཅར། དེ་དག་གི་བར་དུ་མཇལ་མི་རྣམས་ལ་དུས་ཚོད་བསྩལ།

ཕྱི་དྲོ་ཚོུད་ ༣།༠༠ ལ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་རབ་གསལ་ཚོགས་ཁང་དུ་བློ་གསལ་གླིང་གྲྭ་ཚང་གི་འགན་འཛིན་ལྷན་ཚོགས་དབུ་བརྙེས་པའི་རྟེན་འབྲེལ་མཛད་སྒོར་གདན་ཞུས་ཀྱིས་ལམ་སྟོན་གསུང་བཤད་བསྩལ། སྐབས་དེར་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་དང་། ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག། གྲྭ་ཚང་གི་མཁན་རིན་པོ་ཆེ་དང་མཁན་ཟུར་རྣམ་པ་སོགས་ཕེབས་འདུག དེ་རྗེས་སླར་ཡང་མཇལ་མི་རྣམས་ལ་དུས་ཚོད་གནང་། ཕྱི་ཚེས་ ༡༠ ཉིན་སྔ་དྲོ་མཇལ་མི་རྣམས་ལ་དུས་ཚོད་བསྩལ་རྗེས། འབྲས་བློ་གླིང་ཚ་བ་ཁམས་ཚན་ནས་ཕེབས་ཐོན་གྱིས་ཧུབ་ལི་དང་མུམྦཨཱི་བརྒྱུད་མཚན་མོ་དིལླིར་འབྱོར་བ་བཅས།