༈  རྒྱ་གར་གྱི་མངའ་སྡེ་ཨ་རཱུ་ནཱ་ཅལ་ནང་མཛད་འཕྲིན་བསྐྱངས་པ།

༄༅།། ༢༠༡༩ ཕྱི་ཟླ་ ༦ ཚེས་ ༡༣ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བཞུགས་སྒར་དྷརྨ་ཤཱ་ལཱ་ནས་ཕེབས་ཐོན་གྱིས་ཚེས་ ༡༤ དང་ ༡༥ ལ་རྒྱ་གར་གྱི་རྒྱལ་ས་དིལླཱིར་ཚོགས་འདུ་དང་མི་སྣ་མཇལ་འཕྲད་སོགས་གནང་། ཚེས་ ༡༦ སྔ་དྲོ་དིལླཱི་ནས་ཕེབས་ཐོན་གྱིས་གུཝཱཧཱཊཱི་གནམ་ཐང་དུ་འབྱོར་སྐབས་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དང་། འབུམ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་། བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་བཅས་ཀྱི་མི་སྣ་སོགས་ནས་ཕེབས་བསུས་ཀྱིས་ཕྱི་དྲོ་བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་དུ་འབྱོར། སྐབས་དེར་ས་གནས་འགོ་འཛིན་གཙོས་གནད་ཡོད་མི་སྣས་ཕེབས་བསུ་ཞུས།

 ཚེས་ ༡༧ ཉིན་སྔ་དྲོ་བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་གི་གཙུག་ལག་ཁང་དུ་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་བཀའ་དབང་བསྩལ། ཉིན་རྒྱབ་བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་ནས་ཕེབས་ཐོན་གྱིས་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་དུ་འབྱོར་སྐབས་དགོན་རྩེའི་ལས་སྣེས་བསུས་ཏེ་ཕེབས་སྟོན་མཛད་སྒོ་བསྐྱངས།

ཚེས་ ༡༩ ནས་ ༢༣ བར་ཉིན་ལྔའི་རིང་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་དགོན་གྱི་གཙུག་ལག་ཁང་དུ་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མཛད་པའི་ལེགས་བཤད་བློ་གསར་མིག་འབྱེད་ཀྱི་བཀའ་ཁྲིད་བསྐྱངས་རྗེས་མཇུག་བསྡོམས་སུ་བླང་དོར་གྱི་གསུང་བཤད་ཀྱང་བསྩལ།

ཚེས་ ༢༤ ཉིན་རྒྱབ་འབུམ་སྡེ་ལ་ནང་པའི་ཚོགས་པ་དང་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གཉིས་ཟུང་འབྲེལ་གོ་སྒྲིག་འོག་འབུམ་སྡེ་ལ་ཚོམས་ཆེན་དུ་ནཱ་ལནྡཱའི་ཆོས་བརྒྱུད་དེ་ཉིད་འཛམ་གླིང་སྤྱི་དང་། ལྷག་པར་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་མང་རྣམས་ལ་ཕན་རླབས་ཆེ་ཚུལ་ཐོག་མང་ཚོགས་ལ་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་བཅས་གནང་། སྐབས་དེར་ས་ཁུལ་དེའི་དཔོན་རིགས་དང་། སློབ་སྤྱི། ཤེས་ཡོན་པ། སློབ་ཕྲུག་སོགས་འདུ་འཛོམས་འདུག

ཚེས་ ༢༥ ཉིན་སྔ་དྲོ་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གྲྭ་ཚང་དུ་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་བཀའ་དབང་བསྩལ།  ཉིན་རྒྱབ་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་དགོན་པ་ནས་ཕེབས་ཐོན་གྱིས་རྫོང་ཁག་གཉིས་ཀྱི་ས་མཚམས་ཟེ་ལར་འབྱོར་སྐབས་རྟ་དབང་དགོན་པའི་མཁན་རིན་པོ་ཆེས་གཙོས་ལས་སྣེ་རྣམ་པ་དང་། དེ་བཞིན་གནད་ཡོད་མི་སྣ་མང་པོས་བསུས་ཏེ་ངལ་གསོ་ཁང་དུ་གསོལ་ཇ་བཏེགས། དེ་རྗེས་ཟེ་ལ་ནས་ཕེབས་ཐོན་གྱིས་ཕྱི་དྲོ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དུ་༧ཞབས་སོར་འཁོད་སྐབས་དགོན་པའི་ལས་སྣེས་བསུས་ཏེ་ཕེབས་སྟོན་མཛད་སྒོ་བསྐྱངས།

ཚེས་ ༢༦ ཉིན་སྔ་དྲོ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་གྱི་གོ་སྒྲིག་འོག་རྟ་དབང་དགོན་གྱི་གཙུག་ལག་ཁང་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་སྐུ་ཞི་བར་གཤེགས་ཚུལ་བསྟན་ནས་ལོ་ ༦༠༠ འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོར་གདན་ཞུ་ལྟར་ཆེད་ཕེབས་ཀྱིས་ལམ་སྟོན་གསུང་བཤད་གནང་།

ཚེས་ ༢༧ ནས་ ༢༩ བར་ཉིན་གསུམ་རིང་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་གྱི་གཙུག་ལག་ཁང་དུ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་བླ་མ་མཆོད་པའི་བཀའ་ཁྲིད་བསྐྱངས། གསུང་ཆོས་རྫོགས་པར་ཟིན་རྗེས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་གྱིས་མདོ་ལུགས་བརྟན་བཞུགས་བསྟར་འབུལ་ཞུས།

ཚེས་ ༢༩ ཉིན་སྔ་དྲོ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་གྱི་མཁན་རིན་པོ་ཆེ་དང་སློབ་དཔོན་གྱིས་གཙོས་ལས་སྣེ་རྣམ་པ་དང་། དགེ་རྒན། སློབ་ཕྲུག་བཅས་ལ་བླང་དོར་ལམ་སྟོན་གྱི་གསུང་བཤད་བསྩལ།

ཚེས་ ༣༠ ཉིན་རྒྱབ་རྟ་དབང་མོན་པ་ལས་བྱེད་ཚོགས་པའི་གོ་སྒྲིག་འོག་ཀ་ལ་དབང་པོ་ཚོགས་ཁང་ཆེན་མོར་དེང་དུས་ཤེས་ཡོན་ཅན་རྣམས་ལ་གནའ་དེང་གི་ཤེས་ཡོན་གལ་ཆེ་ཚུལ་སྐོར་མང་ཚོགས་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་། སྐབས་དེར་རྫོང་གི་དཔོན་རིགས་དང་། ཤེས་ཡོན་པ། ལས་བྱེད། སློབ་ཕྲུག་སོགས་ཕོན་ཆེ་འདུ་འཛོམས་འདུག

༢༠༡༩ ཕྱི་ཟླ་ ༧ ཚེས་ ༡ ཉིན་སྔ་དྲོ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་གྱི་གཙུག་ལག་ཁང་དུ་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་བཀའ་དབང་བསྩལ། ཉིན་རྒྱབ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་ནས་ཕེབས་ཐོན་གྱིས་ཟེ་ལར་འབྱོར་སྐབས། འདི་རང་ཐུབ་གསུང་དར་རྒྱས་གླིང་དགོན་གྱི་ལས་སྣེ་དང་གནད་ཡོད་མི་སྣ་སོགས་ཀྱིས་བསུས་ཏེ་ངལ་གསོ་ཁང་དུ་གསོལ་ཇ་བཏེགས། དེ་རྗེས་ཟེ་ལ་ནས་ཕེབས་ཐོན་གྱིས་ཕྱི་དྲོ་འདི་རང་ཐུབ་གསུང་དར་རྒྱས་གླིང་དགོན་དུ་ཕེབས་འབྱོར་བྱུང་།

ཚེས་ ༢ ཉིན་སྔ་དྲོ་འདི་རང་ཐུབ་གསུང་དར་རྒྱས་གླིང་དགོན་པའི་གོ་སྒྲིག་འོག་དེ་གའི་གཙུག་ལག་ཁང་དུ་ཤེས་ཡོན་དང་ནང་ཆོས་བཅས་ཀྱི་སྐོར་ལ་གསུང་བཤད་གནང་ཞིང་། སྐབས་དེར་དེ་གའི་གནད་ཡོད་མི་སྣ་དང་། སློབ་སྤྱི། དགེ་རྒན། སློབ་ཕྲུག་སོགས་ཕེབས་འཛོམས་འདུག དེ་རྗེས་འདི་རང་ཐུབ་གསུང་དར་རྒྱས་གླིང་དགོན་ནས་ཕེབས་ཐོན་གྱིས་བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་དུ་འབྱོར།

ཚེས་ ༣ ཉིན་སྔ་དྲོ་བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་ནས་ཕེབས་ཐོན་གྱིས་གུ་ཝཱ་ཧཱ་ཊཱི་བརྒྱུད་དིལླཱི་དང་། ཚེས་ ༤ ཉིན་དིལླཱི་ནས་ཨམྲྀཏ་སར་བརྒྱུད་བཞུགས་སྒར་དྷརྨ་ཤཱ་ལཱར་བདེ་འབྱོར་བྱུང་བ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ།