༈ རྀ་ཥི་ཝེ་ལི་སློབ་གྲྭ་དང་པབ་ནཱར་བསྟི་གནས་སུ་གསུང་བཤད་གནང་བ།

༄༅།།  ༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དིལླཱི་ནས་ཕེབས་ཐོན་གྱིས་སྦེང་ལོར་བརྒྱུད་ཕྱི་དྲོ་རྒྱ་གར་གྱི་མངའ་སྡེ་ཨཱདྷྲ་པྲདེཤའི་ཅིཏྟུར་རྫོང་ཁོངས་རྀ་ཥི་ཝེ་ལི་སློབ་གྲྭར་འབྱོར།

༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༡༥ ཉིན་རྀཥི་ཝེལི་སློབ་གྲྭའི་ཚོགས་ཁང་དུ་ཀྲྀཥྞམཱུརྟིའི་རྗེས་འཇུག་རྣམས་ཀྱི་ཤེས་ཡོན་གྱི་འདུ་འཛོམས་སུ་འཚེ་བ་དང་།  ངོས་འཛིན།  འགྱུར་ལྡོག་བཅས་ཀྱི་ཐོག་གསུང་བཤད་དང་།  དྲི་བར་ལན་འདེབས་བཅས་གནང་འདུག  རྒྱ་གར་རྒྱལ་ཡོངས་སུ་གནས་པའི་ཀྲྀཥྞམཱུརྟིའི་རྗེས་འཇུག་རྣམས་སྐབས་རེ་འདུ་འཛོམས་ཀྱིས་གསུང་བཤད་ཞུ་སྲོལ་ཞིག་ཡོད་འདུག

༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་སྔ་དྲོ་རྀ་ཥི་ཝེ་ལི་སློབ་གྲྭ་ནས་སྣུམ་འཁོར་ཐོག་ཕེབས་ཐོན་གྱིས་སྦེང་ལོར་གནམ་ཐང་བརྒྱུད་ཕྱི་དྲོ་ནཱག་པུར་དུ་འབྱོར།  དེ་ནས་སྣུམ་འཁོར་ཐོག་རྒྱ་གར་གྱི་མངའ་སྡེ་མཧཱ་རཱཥྚྲའི་ཝརྡཱ་རྫོང་ཁོངས་གཱཾདྷཱི་རིག་སློབ་ཁང་དུ་འབྱོར་སྐབས་སློབ་ཁང་དེའི་ངེས་སྟོན་པ་བྷརཏ་མཧོདཡ་དང་གཞན་རྣམས་ཀྱིས་བསུས།

༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་སྔ་དྲོ་པབ་ནཱར་བསྟི་གནས་ (Pawnar Ashram) སུ་ཉིན་གསུམ་གྱི་གྲོགས་པོ་ཐུག་འཕྲད་ (Mitra Milan) ཅེས་པའི་འདུ་འཛོམས་ཀྱི་ཉིན་མཐའ་མར་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཞིང་།  འདི་ལོ་ནི་ཨཱཅཱརྱ་བིནོབཱ་བྷཱབེ་མཆོག་འཁྲུངས་ནས་ལོ་ ༡༢༥ འཁོར་བའི་རྗེས་དྲན་སྲུང་རྩི་ཞུ་མུས་དང་།  དེ་བཞིན་ཕྱི་ཟླ་ ༡༡ ཚེས་ ༡༥ ནི་ཁོང་ཞིང་ལ་གཤེགས་པའི་ཉིན་མོའང་ཡིན། པབ་ནཱར་བསྟི་གནས་ནི་ཨཱཅཱརྱ་བིནོབཱ་བྷཱབེ་མཆོག་གིས་ཕྱག་བཏབ་པ་ཞིག་ཡིན་པ་མ་ཟད།  སྐུ་ཚེ་སྨད་ལ་བཞུགས་ས་གཙོ་བོ་དེའང་ཡིན་འདུག  འདུ་འཛོམས་དེར་རྒྱ་གར་གྱི་ཕྱོགས་མཐའ་ཁག་དུ་མ་ནས་བདག་ཉིད་ཆེན་པོ་གཱཾདྷཱི་དང་ཨཱཅཱརྱ་བིནོབཱ་བྷཱབེ་རྗེས་འཇུག་རྣམས་ཕོན་ཆེ་ཕེབས་འདུག