༈ འཇིག་རྟེན་ཞི་བདེའི་ཚོགས་ཆེན་དུ་གསུང་བཤད་གནང་བ།
༄༅།། ༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༢ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཉིན་གསུམ་རིང་གི་ “སངས་རྒྱས་དང་གཱཾདྷཱིའི་ལམ་དང་། སྒྱུ་རྩལ་དང་ལེགས་བྱང་འདུས་མདོ་ཞེས་པའི་འཇིག་རྟེན་ཞི་བདེའི་ཚོགས་ཆེན་” གྱི་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་བ་དང་། དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་བསྩལ་ཡོད།
ཐོག་མར་རྒྱ་གར་གྱི་རྒྱལ་གླུ་ཕུལ་རྗེས་ཀུལླཱུ་(Kullu)ས་གནས་སུ་རྟེན་གཞི་བྱས་པའི་ Himalayan Buddhist Cultural School གྱི་སློབ་ཕྲུག་བུ་མོ་རྣམས་ཀྱིས་ཤིས་བརྗོད་བཏོན་པ་དང་། དེ་རྗེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་Gandhi Smriti and Darshan Samiti འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་མི་གཱཾདྷཱི་རྗེས་འབྲང་བ་སྐུ་ཞབས་ལཀྵམཱི་དཱས་སོགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཧི་མཱ་ཅལ་མངའ་སྡེའི་ཐུན་མིན་དབུ་ཞྭ་དང་གོས་གཟན། དེ་བཞིན་གཱཾདྷཱིའི་འཁོར་ལོ་སོགས་འབུལ་ལམ་ཞུས་ཏེ་ཆེ་བསྟོད་རྒྱ་ཆེ་ཞུས།
དེ་ནས་ Gandhi Smriti and Darshan Samiti གི་ལས་འཆར་འགན་འཛིན་སྐུ་ཞབས་བེདཱབྷྱཱས་ཀུན་ཌུ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་དོན། དེ་རིང་ང་ཚོར་༸གོང་ས་ཏཱ་ལའི་བླ་མ་མཆོག་ལྟ་བུ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དང་འཛམ་གླིང་ཞི་བདེའི་དབུ་ཁྲིད་ཀྱི་བཀའ་སློབ་ཉན་རྒྱུའི་གོ་སྐབས་ཐོབ་པ་ནི་ཧ་ཅང་སྐལ་བ་བཟང་པོ་རེད། ༸གོང་ས་མཆོག་གིས་ང་ཚོར་དུས་ཚོད་གསོལ་སྩལ་མཛད་པར་ངས་Gandhi Smriti and Darshan Samiti དང་གོ་སྒྲིག་ཚོགས་ཆུང་གི་ཚབ་ཞུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་རྗེས། Central University of Himachal Pradesh རིགས་བདག་སྐུ་ཞབས་ཀུལདཱིཔ་ཅནྡ་ཨགྣིཧོཏྲཱི་མཆོག་གིས་གསུང་བཤད་གནང་།
དེ་རྗེས་ Gandhi Smriti and Darshan Samiti གི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་མི་གཱཾདྷཱི་རྗེས་འབྲང་བ་སྐུ་ཞབས་ལཀྵམཱི་དཱས་ལགས་ཀྱིས་གསུང་བཤད་གནང་གྲུབ་མཚམས། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བ་གཤའ་མ་ཞིག་ཡོང་བར་ཐོག་མར་གང་ཟག་སོ་སོའི་ནང་སེམས་རྒྱུད་ཞི་ཞིང་དུལ་བ་ཞིག་དགོས་པའི་ལམ་སྟོན་དེ་ནི་སྟོན་པ་བཅོམ་ལྡན་འདས་དང་བདག་ཉིད་ཆེན་པོ་གཱན་དྷི་མཆོག་གི་དགོངས་པ་ཡིན་ཞིང་།
ཕྱི་ལོ་ ༡༩༥༡ ནས་བཟུང་ཕྱི་ལོ་ ༡༩༦༧ བར་གྱི་དུས་ཡུན་རིང་བོད་མིའི་འཐབ་རྩོད་དེ་མཐའ་གཅིག་ཏུ་འཚེ་བ་མེད་པ་ཞིག་མིན། འོན་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་ལམ་ལ་འཇུག་དགོས་པའི་བཀའ་སློབ་ལམ་སྟོན་བཀའ་སློབ་བསྟུད་མར་བསྩལ་བའི་ཉེར་ལེན་ལ་བརྟེན་ནས་ད་ཆ་བོད་མི་རྣམས་ཀྱིས་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་གྱི་ཐོག་ནས་འཐབ་རྩོད་བྱེད་བཞིན་ཡོད། ད་བར་གཞིས་བྱེས་གཉིས་ཀྱི་བོད་མི་ཚོར་གདུག་རྩུབ་དང་རྐྱེན་ངན་ཇི་འདྲ་ཞིག་འཕྲད་ཀྱང་ནམ་ཡང་འཚེ་བའི་ལམ་ལ་འཇུག་མྱོང་མེད། ལྷག་པར་མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་གསུམ་གྱིས་ཞི་བདེ་དོན་གཉེར་བ་ཀུན་ལ་སེམས་འགུལ་དང་སྙིང་སྟོབས་ཧ་ཅང་སྤེལ་བཞིན་ཡོད། ཅེས་སོགས་གསུངས།
རྗེས་སུ་ཚོགས་ཆེན་དངོས་གཞིའི་སྐབས་སུའང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་”ནང་པ་སངས་རྒྱས་པ་དང་གཱཾདྷཱིའི་དགོངས་ཚུལ་རྣམས་ད་ལྟའི་འཇིག་རྟེན་ཞི་བདེའི་སྲིད་བྱུས་ཁག་ནང་མཐུད་སྦྱོར་བྱེད་པ་” ཞེས་པའི་ཐོག་གསུང་བཤད་གནང་ཡོད། སྐབས་དེར་གཱཾདྷཱིའི་རྗེས་འབྲང་བ་དང་། དགེ་རྒན། སློབ་ཕྲུག མང་ཚོགས་སོགས་མི་གྲངས་ཉིས་བརྒྱ་ལྷག་འདུ་འཛོམས་བྱུང་བ་དང་། ཚོགས་ཡུལ་ནི་དྷ་སར་རྟེན་གཞི་བྱས་པའི་གཞུང་གི་མཐོ་སློབ་ཀྱི་ཚོགས་ཁང་ནང་ཡིན་ཞིང་། གོ་སྒྲིག་པ་ནི་Gandhi Smriti and Darshan Samiti དང་། Central University of Himachal Pradesh, Shivalik Ashram and Himachal Nature and Yoga Training Centre བཅས་ཀྱི་ཚོགས་པ་ཁག་ཡིན་འདུག