༈ ཝཱ་རཱ་ཎ་སཱིར་བརྒྱད་ཅུའི་འཁྲུངས་ཚེས་སུ་གསུང་ཆོས་དང་གསུང་བཤད་སོགས་གནང་བ།
༄༅།། ༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༨ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དྷརྨ་ཤཱ་ལཱ་ནས་གནམ་ཐོག་ཕེབས་ཐོན་གྱིས་དིལླཱིར་བརྒྱུད་ཉིན་རྒྱབ་ཝཱ་རཱ་ཎ་སཱི་གནམ་ཐང་དུ་འབྱོར་སྐབས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་མཆོག་དང་། ཝཱ་ཎ་སློབ་ཟུར་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་སོགས་ཀྱིས་བསུས་ཏེ་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་ཁང་དུ་ཕེབས་འབྱོར་བྱུང་། དེར་ཡང་གཙུག་ལག་སློབ་ཁང་གི་དགེ་རྒན་དང་ལས་བྱེད། ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་ཟུར་བ་ཁག དེ་བཞིན་སློབ་གཉེར་བ་སོགས་ཀྱིས་བསུ་བ་ཟབ་རྒྱས་ཞུས།
༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༩ ཉིན་སྔ་དྲོ་ཝཱ་ཎ་སློབ་ཟུར་ཚོགས་པའི་གོ་སྒྲིག་འོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དཔལ་ཨ་ཏི་ཤའི་ཚོགས་ཁང་དུ་ཝཱ་ཎ་སློབ་ཟུར་བའི་ “བོད་དང་ཧི་མཱ་ལ་ཡའི་རིག་གཞུང་དང་འབྲེལ་བའི་བརྗོད་གཞིའི་ཐོག་” རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོའི་ཚུལ་དུ་གདན་དྲངས་པ་བཞིན་ལམ་སྟོན་གསུང་བཤད་གནད་སྨིན་གནང་འདུག དེ་ཡང་ཐོག་མར་མཆོད་མེ་ཞལ་འབྱེད་དང་། བོད་སྐད་དང་ལེགས་སྦྱར་སྐད་ཤིས་བརྗོད་གསུང་འདོན། སྐུ་མགྲོན་རྣམས་ལ་མཇལ་དར་འབུལ་བཞེས།
ཝཱ་ཎ་སློབ་ཟུར་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་ལུང་རིགས་མཆོག་ནས་དགའ་བསུའི་གསུང་བཤད། སློབ་དཔོན་ཆེན་པོ་བྱམས་པ་བསམ་གཏན་མཆོག་ནས་བགྲོ་གླེང་ཚོགས་འདུའི་ངོ་སྤྲོད་གསུང་བཤད། ལེགས་སྦྱར་དང་བོད་སྐད་ཚིག་མཛོད་ཀྱི་གྲངས་འཛིན་ངོ་བཤུས་ཞལ་འབྱེད་དང་དཔར་ཕུད་འབུལ་བཞེས། དམིགས་བསལ་སྐུ་མགྲོན་མཧཱཏྨཱ་གཱཾདྷཱི་ཀཱཤཱི་བིདྱཱཔཱིཋ་གཙུག་ལག་སློབ་ཁང་གི་རིགས་བདག་སློབ་དཔོན་ཆེན་པོ་ཀྲི་ཨེན་སིངྷ་མཆོག་ནས་གསུང་བཤད། ཚོགས་གཙོ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སློབ་དཔོན་ཆེན་པོ་དགེ་བཤེས་ངག་དབང་བསམ་གཏན་མཆོག་ནས་གསུང་བཤད། སྐུ་མགྲོན་གཙོ་བོ་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་མཆོག་ནས་གསུང་བཤད། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་དྲུང་གཞོན་པ་འབུམ་རམས་པ་ཧིམཱཾཤུ་པཱཎྜེཡ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་རྗེས་དབུ་འབྱེད་མཛད་སྒོ་གྲུབ།
ཇི་ལྟར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ཝཱ་ཎ་སློབ་ཟུར་ཚོགས་པ་ཐུན་མོང་ནས་གསོལ་བ་བཏབ་པ་བཞིན་ ༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན་སྔ་དྲོ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དཔལ་ཨ་ཏི་ཤའི་ཚོགས་ཁང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་དོན་བདུན་མའི་གསུང་ཆོས་བཀྲིན་བསྐྱངས། དེ་རྗེས་རིན་པོ་ཆེ་མཆོག་ལ་གནས་བརྟན་ཕྱག་མཆོད་དང་འབྲེལ་བའི་སྒོ་ནས་མདོ་ལུགས་བརྟན་བཞུགས་བསྟར་འབུལ་ཞུས་ཤིང་། སྐབས་དེར་ཝཱ་རཱ་ཎ་སཱིའི་བོད་མི་སུད་ཚོང་བ་རྣམས་ཀྱང་ཕེབས་འདུག
ཉིན་རྒྱབ་མཇལ་བཅར་བ་ཚོས་ཇི་ཞུས་བཞིན་གོ་སྐབས་གནང་བས་དུས་ཡུན་རིང་ཙམ་འགོར།
ཕྱི་དྲོ་རིན་པོ་ཆེ་མཆོག་དགུང་ལོ་བརྒྱད་ཅུར་ཕེབས་པའི་འཁྲུངས་ཚེས་སྲུང་རྩིའི་ཁོངས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དཔལ་ཨ་ཏི་ཤའི་ཚོགས་ཁང་དུ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་ད་ལྟའི་སློབ་གཉེར་བ་དང་སློབ་ཟུར་བ་རྣམས་ཀྱིས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་འདུག
༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༡༡ ཉིན་སྔ་དྲོ་ཝཱ་ཎ་སློབ་ཟུར་ཚོགས་པའི་གོ་སྒྲིག་འོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དཔལ་ཨ་ཏི་ཤའི་ཚོགས་ཁང་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གང་ཉིད་དགུང་ལོ་བརྒྱད་ཅུར་ཕེབས་པའི་འཁྲུངས་ཚེས་དང་བཀའ་དྲིན་རྗེས་སུ་དྲན་པའི་མངོན་བསྟོད་ཀྱི་མཛད་སྒོར་གདན་ཞུ་ཕུལ་བ་ལྟར་ཆེད་ཕེབས་གནང་ཞིང་། དེ་ཡང་ཐོག་མར་མཆོད་མེ་ཞལ་འབྱེད་དང་། བོད་སྐད་དང་ལེགས་སྦྱར་སྐད་ཐོག་ཤིས་བརྗོད་གསུང་འདོན། སྐུ་མགྲོན་རྣམས་ལ་མཇལ་དར་འབུལ་བཞེས། ཝཱ་ཎ་སློབ་ཟུར་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་ལུང་རིགས་མཆོག་ནས་ཕེབས་བསུའི་གསུང་བཤད།
སློབ་དཔོན་ཆེན་པོ་བྱམས་པ་བསམ་གཏན་མཆོག་ནས་མངོན་བསྟོད་མཛད་སྒོ་དང་མངོན་བསྟོད་གླེགས་བམ་གྱི་ངོ་སྤྲོད་གསུང་བཤད། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་མངོན་བསྟོད་གླེགས་བམ་ཞལ་འབྱེད། སློབ་དཔོན་ཆེན་པོ་སྤེན་པ་རྡོ་རྗེ་མཆོག་ནས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་གླེགས་བམ་བཀའ་དྲིན་དྲན་རྟེན་མའི་ངོ་སྤྲོད་དང་དཔར་ཕུད་འབུལ་བཞེས། ཝཱ་ཎ་སློབ་ཟུར་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་ལུང་རིགས་མཆོག་ནས་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་ཐུགས་རྗེ་ཆེ་ཞུ་རྟེན་མཚོན་རྟགས་རིན་ཆེན་གཉིས་པ་ལས་གྲུབ་པའི་རི་དྭགས་ཆོས་འཁོར་འབུལ་བཞེས། བོད་སྐད་དང་ལེགས་སྦྱར་སྐད་ཐོག་མངོན་བསྟོད་སྒྲོགས་སྦྱང་དང་འདེགས་འབུལ། ཝཱ་ཎ་སློབ་ཟུར་ཤེས་ཡོན་སློབ་སྦྱོང་གི་ལས་གཞིར་ཕྱག་རྗེས་རླབས་ཆེན་འཇོག་མཁན་རྣམས་ལ་གཟེངས་བསྟོད་ཕྱག་རྟགས་འབུལ་བཞེས།
མཁས་དབང་ཁག་ནས་གསུང་བཤད། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་གསུང་བཤད། སྐུ་མགྲོན་གཙོ་བོ་རྒྱ་གར་གཞུང་གི་ནང་སྲིད་དྲུང་ཆེ་ཟུར་པ་དང་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་ཟུར་པ་འབུམ་རམས་པ་བཱལ་མི་ཀི་པྲསཱད་སིངྷ་མཆོག་ནས་གསུང་བཤད། སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་མཆོག་ནས་གསུང་བཤད། དེ་ནས་གོ་སྒྲིག་ཚོགས་ཆུང་ངོས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲུབ།
ཉིན་རྒྱབ་ཝཱ་ཎ་སློབ་ཟུར་ཚོགས་པས་གསོལ་འདེབས་ཞུས་པ་བཞིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དཔལ་ཨ་ཏི་ཤའི་ཚོགས་ཁང་དུ་གང་ཉིད་ཀྱི་འཁྲུངས་ཚེས་དགའ་སྟོན་སྲུང་རྩིའི་ཆེད་ཕྱི་རྒྱལ་ཡུལ་གྲུ་དུ་མ་ནས་ཕེབས་པའི་ཝཱ་ཎ་སློབ་ཟུར་བ་རྣམས་ལ་ལམ་སྟོན་གསུང་བཤད་རྒྱས་པར་གནང་འདུག
༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་སྔ་དྲོ་གནས་མཆོག་སཱ་ར་ནཱ་ཐ་མཆོད་རྟེན་རྣམས་སུ་མཆོད་མཇལ་དང་། དེ་བཞིན་དེ་ཁུལ་གནས་པའི་ངོ་ཤེས་འགའ་ཞིག་མཇལ་འཕྲད་དུ་བསྐྱོད།
ཉིན་གུང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་ཕེབས་ཐོན་གནང་སྐབས་དགེ་རྒན་ལས་བྱེད་དང་། སློབ་ཟུར་བ། སློབ་གཉེར་བ་སོགས་ནས་ཕེབས་སྐྱེལ་ཞུས་པ་མ་ཟད། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་དང་། ཝཱ་ཎ་སློབ་ཟུར་ཚོགས་པའི་ལས་སྣེ་རྣམ་པས་ཝཱ་རཱ་ཎ་སཱིའི་གནམ་ཐང་བར་ཕེབས་སྐྱེལ་ཞུས་ཤིང་། དེ་ནས་ཉིན་རྒྱབ་དིལླཱིའི་ཕྱོགས་སུ་ཕེབས་ཐོན་གནང་འདུག