༈ མོན་སྐྱིད་མོ་ལྗོངས་སུ་མཛད་འཕྲིན་རྒྱ་ཆེར་བསྐྱངས་པ།

༄༅།།  ༢༠༡༨ ཕྱི་ཟླ་ ༦ ཚེས་ ༩ ཉིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དྷརྨ་ཤཱ་ལཱ་ནས་གུ་བཱ་ཧཱ་ཊཱི་ལ་འབྱོར།༢༠༡༨ ཕྱི་ཟླ་ ༦ ཚེས་ ༡༠ ཉིན་སྔ་དྲོ་གུ་བཱ་ཧཱ་ཊཱི་ནས་ཕེབས་ཐོན་གྱིས་བསྟན་འཛིན་སྒང་རྒྱུད་སྟོད་དགོན་པ་དང་། དེ་ནས་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་དུ་ཕེབས་འབྱོར་བྱུང་།

༢༠༡༨ ཕྱི་ཟླ་ ༦ ཚེས་ ༡༡ ཉིན་མཇལ་བཅར་བ་འགའ་ཞིག་ལ་དུས་ཚོད་བསྩལ། ༢༠༡༨ ཕྱི་ཟླ་ ༦ ཚེས་ ༡༢ ནས་ ༡༦ བར་མོན་འབུམ་ལ་དགའ་ལྡན་དགོན་རྩེ་རབ་རྒྱས་གླིང་དུ་སློབ་དཔོན་ཀམལ་ཤཱིལས་མཛད་པའི་བསྒོམ་རིམ་ཐོག་མཐའ་བར་གསུམ་གྱི་བཀའ་ཁྲིད་བསྐྱངས་ཤིང་། དེ་ཡང་ཉིན་རེའི་ཐོག་མར་སྔོན་འགྲོའི་ཆོས་བཤད་དུ་མཛད་པ་པོའི་ཆེ་བ་དང་། ཧྭ་ཤང་གི་ལྟ་བ། དེ་འགོག་ཚུལ། སྒོམ་རིམ་གྱི་བརྗོད་བྱ། སྒོམ་གྱི་སྐོར་སོགས་དང་། དལ་འབྱོར་གྱི་ལུས་རྟེན་རྙེད་དཀའ་ཚུལ། འཆི་བ་མི་རྟག་པའི་སྐོར་སོགས་ལས་བརྩམས་ཏེ། ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་བྱུང་བ་བཞིན་གསལ་བཏབ་སྟེ་ལེགས་པར་ཉན་དགོས་ཚུལ་གདམས་རྗེས་བསྒོམ་རིམ་གྱི་བཀའ་ཁྲིད་ལྗགས་ལུང་དང་བཅས་གནང་བ་མ་ཟད། མཇུག་བསྡོམས་སུ་བླང་དོར་ལམ་སྟོན་གྱི་གསུང་བཤད་ཀྱང་རྒྱས་པར་བསྩལ། ༢༠༡༨ ཕྱི་ཟླ་ ༦ ཚེས་ ༡༦ ཉིན་རྒྱབ་ཐོག་མར་བཀའ་ཁྲིད་མ་གནང་གོང་དུ་མོན་འབུམ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་ནས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་གནས་བཅུའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༡༨ ཕྱི་ཟླ་ ༦ ཚེས་ ༡༧ ཉིན་སྔ་དྲོ་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་ནས་ཕེབས་ཐོན་གྱིས་ཟེ་ལ་བརྒྱུད་ཉིན་གུང་ལྷའུར་ཐུབ་བསྟན་ཆོས་གླིང་བུད་མེད་སློབ་གྲྭར་འབྱོར། དེ་གའི་གཙུག་ལག་ཁང་རབ་གནས་དབུ་འབྱེད་དང་། སློབ་ཕྲུག་བུ་མོ་ཆུང་ངུ་རྣམས་ཀྱིས་བདེན་ཚིག་སྨོན་ལམ་དབྱངས་དང་བཅས་གསུང་འདོན་ཞུས་པ་མ་ཟད། རྟགས་གསལ་ཡང་སྤྱན་འབུལ་ཞུས།

ཉིན་རྒྱབ་ལྷའུར་རི་སྐྱ་གཙུག་ལག་སློབ་ཁང་གི་རྨང་རྡོ་འཇོག་གནང་དང་། བླ་མ་མཆོད་པའི་ཚོགས་འབུལ། གསུང་བཤད་མདོར་བསྡུས། ཤིང་སྣ་འདེབས་འཛུགས་བཅས་གནང་ཞིང་། དེ་བཞིན་ཉེ་འགྲམ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་གདན་ཞུས་ཀྱིས་སྒྲོལ་མ་ཉེར་གཅིག་དང་བློ་སྦྱོང་ཚིགས་བརྒྱད་མའི་ལྗགས་ལུང་བཀའ་དྲིན་བསྩལ་བ་མ་ཟད། འདུ་ཁང་རྙིང་པར་རབ་གནས་མཛད་རྗེས། དེ་ནས་ཕེབས་ཐོན་གྱིས་ཕྱི་དྲོ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དུ་ཕེབས་འབྱོར་བྱུང་།

༢༠༡༨ ཕྱི་ཟླ་ ༦ ཚེས་ ༡༨ ཉིན་མཇལ་བཅར་བ་འགའ་ཞིག་ལ་དུས་ཚོད་བསྩལ། ༢༠༡༨ ཕྱི་ཟླ་ ༦ ཚེས་ ༡༩ ནས་ ༢༡ བར་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དུ་དགའ་ལྡན་ལྷ་བརྒྱ་མའི་བཀའ་ཁྲིད་བསྐྱངས་ཤིང་། མཇུག་བསྡོམས་སུ་བླང་དོར་ལམ་སྟོན་གྱི་གསུང་བཤད་ཀྱང་བསྩལ། མོན་སྐད་དུ་གསུང་ཆོས་སྒྱུར་མཁན་ཡང་གོ་སྒྲིག་འདུག ༢༠༡༨ ཕྱི་ཟླ་ ༦ ཚེས་ ༢༡ ཉིན་རྒྱབ་ཐོག་མར་བཀའ་ཁྲིད་མ་གནང་གོང་དུ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་གྱིས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་གནས་བཅུའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༡༨ ཕྱི་ཟླ་ ༦ ཚེས་ ༢༢ ཉིན་སྔ་དྲོ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་གྱིས་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་རྗེ་ཚེ་འཛིན་མའི་ཚེ་དབང་བསྩལ།

ཕྱི་དྲོ་རྟ་དབང་རྫོང་གི་འཛིན་སྐྱོང་དང་རྟ་དབང་མོན་པའི་ལས་བྱེད་ཚོགས་པའི་གོ་སྒྲིག་འོག་ཀ་ལ་དབང་པོ་ཚོགས་ཁང་དུ་ “བདེ་སྐྱིད་དང་སེམས་ངལ་མེད་པའི་མི་ཚེ་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བར་ལན་འདེབས་གནང་ཞིང་། སྐབས་དེར་ཁུལ་དེའི་མངའ་སྡེའི་གྲོས་ཚོགས་ཀྱི་སྤྱི་འཐུས་དང་། ཁྲིམས་དཔོན། རྟ་དབང་རྫོང་དཔོན་གཙོས་དཔོན་རིགས་ཁག་དང་། རྫོང་གི་ཉེན་རྟོག་སྤྱི་ཁྱབ། དགེ་རྒན། སློབ་ཕྲུག་སོགས་མི་ཚོགས་ཕོན་ཆེ་འདུ་འཛོམས་འདུག

༢༠༡༨ ཕྱི་ཟླ་ ༦ ཚེས་ ༢༣ ཉིན་སྔ་དྲོ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་ནས་ཕེབས་ཐོན་གྱིས་ཟེ་ལ་བརྒྱུད་ཉིན་གུང་འདི་རང་ཐུབ་གསུང་དར་རྒྱས་གླིང་དགོན་དུ་ཕེབས་འབྱོར་བྱུང་།

༢༠༡༨ ཕྱི་ཟླ་ ༦ ཚེས་ ༢༤ ཉིན་སྔ་དྲོ་འདི་རང་དུ་ཆགས་པའི་ཐུབ་གསུང་དར་རྒྱས་གླིང་གི་གོ་སྒྲིག་འོག་དེ་གའི་འདུ་ཁང་དུ་དེ་ཁུལ་མང་ཚོགས་ལ་བླང་དོར་གསུང་བཤད་དང་། གང་བློ་མ་སོགས་སྔགས་ཀྱི་ལྗགས་ལུང། དེ་བཞིན་དྲི་བར་ལན་འདེབས་བཅས་གནང་ཞིང་། སྐབས་དེར་དེ་གའི་དམག་མིའི་དཔོན་རིགས་དང་། སློབ་སྤྱི། དགེ་རྒན། སློབ་ཕྲུག་སོགས་འདུ་འཛོམས་འདུག

ཉིན་གུང་འདི་རང་ས་ཁུལ་ནས་ཕེབས་ཐོན་གྱིས་གུ་ཝཱ་ཧཱ་ཊཱི་ལ་ཕེབས་འབྱོར་བྱུང་། ༢༠༡༨ ཕྱི་ཟླ་ ༦ ཚེས་ ༢༥ ཉིན་གུ་ཝཱ་ཧཱ་ཊཱི་ནས་ཕེབས་ཐོན་གྱིས་དིལླཱིར་འབྱོར། ༢༠༡༨ ཕྱི་ཟླ་ ༦ ཚེས་ ༢༦ ཉིན་དིལླཱི་ནས་དྷརྨ་ཤཱ་ལཱར་ཕེབས་འབྱོར་བྱུང་བའི་གནས་ཚུལ་མདོར་བསྡུས་སུ།