༈ མོན་རྟ་དབང་རྫོང་ཁོངས་རླུང་ལར་གསུང་ཆོས་སོགས་གནང་བ།

༄༅།། ༢༠༢༠ ཕྱི་ཟླ་ ༣ ཚེས་ ༥ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དྷརྨཤཱལཱ་ནས་ཕེབས་ཐོན་གྱིིས་དིལླཱི་བརྒྱུད་གུཝཱཧཱཊཱི་གནམ་ཐང་དུ་འབྱོར་སྐབས་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གྲྭ་ཚང་གི་ལས་སྣེ་རྣམས་ཀྱིས་བསུས་ཏེ་ཉེ་འགྲམ་གྱི་གསོལ་མགྲོན་ཁང་ཞིག་ཏུ་གདན་དྲངས།

 

ཚེས་ ༦ ཉིན་སྔ་དྲོ་རླུང་ལར་འཐོན་ཆེད་གུཝཱཧཱཊཱི་གནམ་ཐང་དུ་ཕེབས་བཞུགས་སྐབས་ཨརཱུཎཱཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། ནམ་སའི་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མི། ཨརཱུཎཱཅལ་མངའ་སྡེ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་བཅས་མཇལ་འཕྲད་དུ་ཕེབས།  དེ་ནས་ཐད་འཕུར་གནམ་གྲུའི་ཐོག་བསྐྱོད་དེ་རླུང་ལར་འབྱོར་སྐབས་འབུམ་སྡེ་ལ་དགོན་རྩེ་དང་རྟ་དབང་དགོན་པ་བཅས་ཀྱི་ལས་སྣེ་རྣམ་པ་དང་།

ས་གནས་ཀྱི་དཔོན་རིགས་ཁག།  ཚོགས་པ་ཁག་གི་སྐུ་ཚབ་སོགས་ཀྱིས་བསུས་ཏེ་བཞུགས་ཁང་བདེ་སྐྱིད་ཆོས་གླིང་དུ་གདན་དྲངས།  ཕྱི་དྲོ་མཇལ་ཞུ་བ་འགའ་ཤས་ལ་དུས་ཚོད་བསྩལ།

 

ཚེས་ ༧ ཉིན་རྒྱབ་མཇལ་ཞུ་བ་མི་སྣ་འགའ་ལ་དུས་ཚོད་གནང་་དང་ཚེས་ ༨ ནས་ཚེས་ ༡༡ བར་སྔ་དྲོ་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གྲྭ་ཚང་ནས་གསོལ་བ་བཏབ་དོན་བཞིན་རྟ་དབང་རྫོང་ཁོངས་རླུང་ལའི་སྒྲོལ་མའི་ལྷ་ཁང་གི་མདུན་ཐང་དུ་མོན་ཡུལ་སྨོན་ལམ་ཆེན་མོ་ཐེངས་དྲུག་པར་སྦྱོར་ཆོས་དྲུག་གི་གསུང་ཆོས་བཀའ་དྲིན་བསྩལ།

སྐབས་དེར་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་གྱི་མཁན་རིན་པོ་ཆེས་དབུས་པའི་དགེ་འདུན་པ་རྣམ་པ་དང་། འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གྲྭ་ཚང་གི་མཁན་ཚབ་ཀྱིས་དབུས་པའི་དགེ་འ་ཁུལ་ཉེ་རིང་གང་ས་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་མང་ཙམ་འདུག ཉིན་རྒྱབ་ཏུ་མཇལ་ཞུ་མི་སྣར་དུས་ཚོད་བསྩལ།

 

ཚེས་ ༩ ཉིན་རྒྱབ་རླུང་ལའི་སྒྲོལ་མའི་ལྷ་ཁང་གི་འཚམས་ཁང་ལ་མཆོད་མཇལ་རབ་གནས་དང་། བཅོ་ལྔ་མཆོད་པ་སྒྲིག་གཤོམ་ལ་མཆོད་གཟིགས་གནང་། སྐབས་དེར་ལྷན་དུ་རླུང་ལ་མངའ་སྡེ་གྲོས་ཚོགས་ཀྱི་སྤྱི་འཐུས་འཇམ་དཔལ་བཀྲ་ཤིས་ལགས་ཀྱིས་གཙོས་མགོ་ཁྲིད་རྣམས་ཡོད།

ཚེས་ ༡༢ ཉིན་སྔ་དྲོ་ཐོག་མར་ཚེ་དབང་གི་སྒྲུབ་ཞག་དང་། དེ་ནས་རླུང་ལ་དང་རྟ་དབང་མངའ་སྡེ་གྲོགས་ཚོགས་ཀྱི་སྤྱི་འཐུས་ཁག་དང་རྟ་དབང་རྫོང་དཔོན་ལྷན་དུ་སྒྲོལ་མའི་ལྷ་ཁང་གི་མདུན་ཐང་དུ་ཤིང་སྣ་འདེབས་འཛུགས། དེ་རྗེས་སྦྱོར་ཆོས་དྲུག་གི་གསུང་ཆོས་རྫོགས་པར་མཛད།  མཐར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་བསྩལ།  སྐབས་དེར་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་གྱི་མཁན་རིན་པོ་ཆེས་དབུས་པའི་དགེ་འདུན་པ་རྣམ་པ་དང་།  འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གྲྭ་ཚང་གི་མཁན་ཚབ་ཀྱིས་དབུས་པའི་དགེ་འདུན་པ་རྣམ་པ། ཕྱོགས་མཐའ་ཁག་ནས་ཕེབས་པའི་དགེ་འདུན་པ་རྣམ་པ། རླུང་ལ་དང་རྟ་དབང་མངའ་སྡེ་གྲོས་ཚོགས་ཀྱི་སྤྱི་འཐུས་རྣམ་པ། རྟ་དབང་རྫོང་དཔོན་གྱིས་དབུས་པའི་དཔོན་རིགས་རྣམ་པ།  དེ་བཞིན་ས་ཐག་ཉེ་རིང་གང་ས་ནས་ཕེབས་པའི་དད་ལྡན་མང་ཚོགས་ཆོས་ཞུ་བ་འདུ་འཛོམས་ཆེ་ཙམ་འདུག

ཚེས་ ༡༢ ཉིན་རྒྱབ་རྟ་དབང་རྫོང་ཁོངས་རླུང་ལར་རྟེན་གཞི་བྱས་པའི་བྱམས་བརྩེ་དགའ་ཚལ་གླིང་དུ་གཟིགས་སྐོར་དང་། སློབ་ཕྲུག་ལས་བྱེད་རྣམས་ལ་གསུང་བཤད་གནང་།  དེ་རྗེས་མོན་ཡུལ་སྨོན་ལམ་ཆེན་མོའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་མཇལ་བཅར་ཞུས་ཏེ་སྨོན་ལམ་ཆེན་མོའི་སྐབས་གསུང་ཆོས་སོགས་ལེགས་གྲུབ་བྱུང་བའི་སྙན་གསན་དང་། དེ་བཞིན་འབྱུང་འགྱུར་གྱི་བྱེད་སྒོ་རྣམ་གཞག་སོགས་ཀྱི་ཐོག་ལམ་སྟོན་ཞུས།

ཚེས་ ༡༣ ཉིན་སྔ་དྲོ་ཐད་འཕུར་གནམ་གྲུའི་ཐོག་རླུང་ལ་ནས་གུཝཱཧཱཊཱིར་ཕེབས་རྒྱུ་ཡིན་རུང་། གློ་བུར་དུ་ཐད་འཕུར་གནམ་གྲུ་སླེབས་མ་ཐུབ་པར་བརྟེན། ཉིན་རྒྱབ་ཕེབས་ལམ་ཐོག་ནས་བསྐྱོད་དགོས་བྱུང་། འཇང་ས་ཁུལ་དུ་ཞལ་ལག་དང་། སེངྒེ་རྫོང་གི་འོག་ཏུ་འདི་རང་མང་ཚོགས་ནས་གསོལ་ཇ་བཏེགས། ཕྱི་དྲོ་ཚོུད་ ༦ ཙམ་ལ་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གྲྭ་ཚང་དུ་འབྱོར།

ཚེས་ ༡༤ ཉིན་སྔ་དྲོ་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་ནས་ཕེབས་འཐོན་གྱིས་ཉིན་གུང་གུཝཱཧཱཊཱི་གྲོང་ཁྱེར་དུ་འབྱོར་བ་བཅས།