༈ མུམྦཨཱི་ལ་གསུང་བཤད་གནང་བ།
༄༅།། ༢༠༡༩ ཕྱི་ཟླ་ ༨ ཚེས་ ༢༩ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དེཧརཱ་དཱུན་ནས་མུམྦཨཱི་གནམ་ཐང་དུ་ཕེབས་འབྱོར་སྐབས་ཀི་ཤན་ཅནྡ་ཅེ་ལཱ་རཱམ་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པ་སྐུ་ཞབས་སྨཱརཱཇིཏ་པ་དི་ནས་མགྲོན་ཁང་དུ་བསུས།
༢༠༡༩ ཕྱི་ཟླ་ ༨ ཚེས་ ༣༠ ཉིན་སྔ་དྲོ་ཀི་ཤན་ཅནྡ་ཅེ་ལཱ་རཱམ་མཐོ་སློབ་དང་སེཝཱ་གྲཱམ་ཀ་ལེཀ་ཊིཝ་ཞེས་པའི་ཚོགས་པ་གཉིས་ཟུང་འབྲེལ་གྱི་གོ་སྒྲིག་འོག་མཐོ་སློབ་དེའི་ཚོགས་ཁང་དུ་ ‘བདག་ཉིད་ཆེན་པོ་གཱཾནྡྷཱི་འབྱུང་སྲིད་དམ་’ ཞེས་པའི་བརྗོད་གཞིའི་ཐོག་ཉིན་གཉིས་ཀྱི་རྒྱལ་སྤྱིིའི་བགྲོ་གླེང་ཚོགས་འདུ་དབུ་འབྱེད་མཛད་སྒོ་ཚོགས་ཤིང་། དེའང་ཐོག་མར་སྣང་གསལ་ཞལ་ཕྱེ་དང་། གསོལ་འདེབས། སློབ་སྤྱི་ལྕམ་སྐུ་ཧེམ་ལཏཱ་བག་ལཱ་མཆོག་གིས་དགའ་བསུའི་གསུང་བཤད།
སྐུ་མགྲོན་རྣམས་ལ་གཟེངས་བསྟོད། ཚོགས་གཙོ་སྐུ་ཞབས་ཀི་ཤུ་མན་སུ་ཁ་ནི་མཆོག་གི་གསུང་བཤད། དེ་ནས་སྐུ་མགྲོན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བདག་ཉིད་ཆེན་པོ་གཱཾནྡྷི་འབྱུང་སྲིད་དང་སྲིད་མིན་ནི་འཇིག་རྟེན་ནང་བདེན་པ་དང་འཚེ་བ་མེད་པའི་དགོས་མཁོ་ཡོད་མེད་ལ་རག་ལུས་ཚུལ་སོགས་གསུངས། དེ་རྗེས་སྐུ་ཞབས་ཨཱ་ཤཱིཥ་ནནྡཱི་མཆོག་གི་སྙིང་དོན་གསུང་བཤད་གནང་མཐར། མཐོ་སློབ་ཀྱི་སློབ་དཔོན་ཤྱཱམ་པ་ཁ་རེ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲོལ།
ཕྱི་དྲོ་རིན་པོ་ཆེ་མཆོག་མཁས་པ་གཞན་གྱི་གསུང་བཤད་ཁག་གསན་དུ་ཕེབས། བར་དུ་མི་སྣ་མང་པོ་ལའང་དུས་ཚོད་གནང་སྟེ་བཀའ་འདྲི་ཞུས་པ་ཁག་ལ་ལན་འདེབས་གནང་།
༢༠༡༩ ཕྱི་ཟླ་ ༧ ཚེས་ ༣༡ ཉིན་སྔ་དྲོ་མཁས་པ་གཞན་གྱི་གསུང་བཤད་ཁག་གསན་དུ་ཕེབས། ཉིན་གུང་གསོལ་ཚིགས་རྗེས་མཐོ་སློབ་གཞན་གྱི་སློབ་ཕྲུག་སྐོར་ཞིག་གི་བཀའ་འདྲི་དགོངས་སྐོར་ལ་ལན་འདེབས་གནང་། དེ་ནས་མཐོ་སློབ་ཀྱི་སློབ་སྤྱི་མཆོག་གི་ལས་ཁུངས་སུ་གདན་ཞུས་ལྟར་ཕེབས་ཤིང་། དེར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཀི་ཤུ་མན་སུ་ཁ་ནི་མཆོག་དང་། སློབ་སྤྱི་ལྕམ་སྐུ་ཧེམ་ལཏཱ་བག་ལཱ་མཆོག་མཇལ་འཕྲད་ཀྱིས་བཀའ་འདྲི་ཞུས་པ་ཁག་ལ་ལན་འདེབས་གནད་སྨིན་གནང་།
ཕྱི་དྲོ་ ‘བདག་ཉིད་ཆེན་པོ་གཱཾནྡྷཱི་འབྱུང་སྲིད་དམ་’ ཞེས་པའི་ཉིན་གཉིས་ཀྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུའི་མཇུག་བསྡོམས་ཀྱི་མཛད་སྒོར་ཕེབས་ཏེ་མཇུག་བསྡོམས་ཀྱི་གསུང་བཤད་གནང་སྟེ། འགྱུར་བ་ཞིག་དགོས་ན་ཐོག་མར་རང་ཉིད་ནས་དབུ་འཛུགས་དགོས་ཚུལ་དང་། རང་དོན་ཕྲན་བུ་བློས་གཏོང་གི་ཆོད་སེམས་ཡོད་ན་བདག་ཉིད་ཆེན་པོ་གཱཾནྡྷཱི་ཡོང་ངེས་པ་སོགས་རྒྱས་པར་གསུངས། དེ་ནས་སློབ་སྤྱི་ལྕམ་སྐུ་ཧེམ་ལཏཱ་བག་ལཱ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་གྲོལ། ཉིན་གཉིས་ཀྱི་བགྲོ་གླེང་ཚོགས་འདུའི་སྐབས་རྒྱ་གར་གྱི་མཁས་པ་མང་པོ་དང་། སློབ་དཔོན། དགེ་རྒན། ཤེས་ཡོན་པ། སློབ་ཕྲུག་སོགས་མང་པོ་འདུ་འཛོམས་འདུག
༢༠༡༩ ཕྱི་ཟླ་ ༩ ཚེས་ ༡ ཉིན་གནམ་ཐོག་མུམྦཨཱི་ནས་ཐོན་ཏེ་དིལླཱིར་འབྱོར། སྔོན་ཚུད་ནས་དུས་ཚོད་གཏན་འཁེལ་བྱུང་བ་བཞིན་མི་སྣ་འགའ་ཞིག་མགྲོན་ཁང་དུ་མཇལ་བཅར་ཆེད་ཕེབས།
༢༠༡༩ ཕྱི་ཟླ་ ༩ ཚེས་ ༢ ཉིན་གནམ་ཐོག་དིལླཱི་ནས་ཕེབས་ཐོན་གྱིས་དྷརྨ་ཤཱ་ལཱར་འབྱོར་བ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ།