༈ མང་གཙོ་དང་ཆིག་སྒྲིལ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ།
༄༅།། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༣ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དྷ་ས་བོད་གཞུང་ཟློས་གར་གྱི་ཚོགས་ཁང་དུ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག་མང་གཙོ་དང་ཆིག་སྒྲིལ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། ཐོག་མར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོས་ཕེབས་བསུ་དང་གསུང་བཤད་འདི་ལྟར་གོ་སྒྲིག་ཞུ་དགོས་པའི་སྐོར་ངོ་སྤྲོད་གཏམ་བཤད་གནང་རྗེས།
སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། མང་པོ་ཞིག་གི་བསམ་བློའི་ནང་མང་གཙོའི་ལམ་ལུགས་ཟེར་བ་དེ་ནུབ་ཕྱོགས་ནས་དར་བའི་རིག་པའི་གཞུང་ལུགས་ཤིག་རེད་བསམ་གྱི་ཡོད་རུང་། དེ་ནི་དེ་ལྟར་མིན་པར་ཐོག་མར་རྒྱ་གར་ནས་དར་བའི་རིག་པའི་གཞུང་ལུགས་ཤིག་རེད། རྒྱ་གར་ནས་དར་ནས་རིམ་པས་དབུས་ཨེ་ཤི་ཡ་དང་ནུབ་ཕྱོགས་སུ་ཕར་དར་བ་མ་གཏོགས། ནུབ་ཕྱོགས་ནས་ཚུར་ཡོང་བ་ཞིག་མ་རེད། ལོ་ ༢༥༠༠ སྔོན་ལ་སྟོན་པ་འཇིག་རྟེན་ལ་བྱོན་པའི་སྐབས་སུ་རྒྱ་གར་དུ་རྒྱལ་པོ་མེད་པར་མང་གཙོའི་རིང་ལུགས་ཡིན་པའི་རྒྱལ་ཁབ་ཆེ་ཆུང་དྲུག་ཙམ་ཡོད། དེའི་ཁྲོད་དུ་གྲགས་ཆེ་བ་དེ་ཡངས་པ་ཅན་རེད། སྐབས་དེ་དུས་མདོ་ལུང་སོགས་ཀྱི་ནང་དུ་ཚོགས་ཀྱི་གཙོ་བོ་ཞེས་མང་གཙོ་ཞེས་པའི་ཚིག་དེ་མེད་ནའང་ཚོགས་ཀྱི་གཙོ་བོ་ཞེས་འབོད་ཀྱི་ཡོད། དེ་བཞིན་སྒྲིག་འཛུགས་བྱེ་བྲག་པ་ཚོར་མཚོན་ན། སྟོན་པ་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པའི་དགེ་སློང་གི་དགེ་འདུན་གྱི་ལས་སུ་བྱ་བ་ཡོངས་རྫོགས་མང་གཙོ་ཡང་དག་པ་ཞིག་རེད། མང་གཙོ་ཡང་དག་པ་ཞེས་པ་ནི་དགེ་འདུན་ཚང་མའི་འདོད་པ་མཐུན་པ་མ་བྱུང་ན། དགེ་འདུན་གྱི་ལས་སུ་བྱ་བ་དེ་འགྲུབ་ཀྱི་མེད། དེང་རབས་ཀྱི་མང་གཙོའི་ནང་མང་མོས་ཉུང་མོས་ཞེས་པའི་གནས་སྟངས་ཤིག་ཡོད། མང་མོས་ཉུང་མོས་ཞེས་པ་ནི་མི་མང་པོས་ཐག་བཅད་པ་དེ་ཉུང་བ་ཚོས་ཁས་ལེན་དགོས་པ་བཤད་ཀྱི་ཡོད། དགེ་སློང་གི་དགེ་འདུན་ནང་དགེ་སློང་སྟོང་ཕྲག་གཅིག་ཡོད་ནའང་། དེའི་ནང་ནས་དགེ་སློང་ ༩༩༩ བསམ་ཚུལ་མཐུན་པ་བྱུང་རུང་། མི་གཅིག་གི་བསམ་ཚུལ་མ་མཐུན་ན་ལས་དོན་དེ་ཐག་གཅོད་ཐུབ་ཀྱི་མེད། ག་དུས་ཡིན་ནའང་སྤྱི་མོས་ཀྱི་ཐོག་ནས་ཕྱིན་པ་མ་གཏོགས་མང་མོས་ཐོག་ནས་ཐག་གཅོད་བྱས་པ་རེད་ཟེར་བ་དེ་མེད། དེ་ལ་མཚན་ཉིད་ཚང་བའི་མང་གཙོ་དང་ཡང་དག་པའི་མང་གཙོ་ཟེར་བ་རེད། དེ་ལྟ་བུའི་མང་གཙོའི་རིག་པའི་གཞུང་ལུགས་དེ་རྒྱ་གར་ནང་ནས་བྱུང་བ་རེད། ཅེས་དང།
བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་སྐོར་ལ་ཁོང་གིས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ལག་ལེན་བསྟར་བཞིན་པའི་མང་གཙོའི་ལམ་ལུགས་ནི་སྲིད་དོན་གྱི་ཤོག་ཁག་མེད་པའི་མང་གཙོ་ཡིན་པ་གང་ཞིག་ལ་སྲིད་འཛིན་གྱི་ལམ་སྲོལ་དང་གྲོས་ཚོགས་ཀྱི་ལམ་སྲོལ་གཉིས་ཀ་དང་ཏོག་ཙམ་མི་མཐུན་པར་བོད་པ་ཚོའི་ཐུན་མོང་མ་ཡིན་པའི་ལམ་སྲོལ་ཐོག་ལ་འགྲོ་བཞིན་པ་རེད། ད་ལྟ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྙིང་དོན་གང་རེད་ཅེ་ན། གྲོས་ཚོགས་དབུས་སུ་བཞག་པའི་བཅའ་ཁྲིམས་ཡིན་པ་དང་། མཐའ་མའི་དབང་ཚད་ཡོངས་སུ་རྫོགས་པ་དེ་གྲོས་ཚོགས་ལ་ཡོད་པ། འཛིན་སྐྱོང་དང་ཁྲིམས་ལུགས་དབང་འཛིན་གཉིས་ཀ་རང་དབང་དང་གྲོས་ཚོགས་ཀྱིས་ཐེ་བྱུས་མེད་པ་ལྟ་བུ་ཞིག་ཡོད་ནའང་། མཐའ་མ་གནད་འགག་ཅིག་ལ་ཐུག་ན་འགྲོ་ས་གྲོས་ཚོགས་མ་གཏོགས་མེད་པ་དང་། གྲོས་ཚོགས་དབུས་སུ་བཞག་པའི་ལམ་སྲོལ་ཞིག་ཆགས་ཡོད་པ་རེད། གྲོས་ཚོགས་དབུས་སུ་བཞག་པ་ཇི་ལྟར་ཆགས་ཡོད་ཅེ་ན། འཛིན་སྐྱོང་ཕྱིར་བསྡུ་བྱེད་པའི་དབང་ཚད་དེ་གྲོས་ཚོགས་ལ་ཡོད་པ་དང་། དེ་བཞིན་ཁྲིམས་ལུགས་དབང་འཛིན་ལ་ཁྲིམས་ཐག་གཅོད་པའི་དབང་ཆ་ཆ་ཚང་ཡོད་ནའང་ཁྲིམས་ལུགས་དབང་འཛིན་འཕོ་འགྱུར་གཏོང་བའི་དབང་ཆ་དེ་གྲོས་ཚོགས་ལ་ཡོད་པ་རེད། དེ་བཞིན་བཙན་བྱོལ་བོད་མིའི་ཐུན་མོང་མ་ཡིན་པའི་བཅའ་ཁྲིམས་ཀྱི་གནས་བབ་དེ་གསལ་པོ་མཁྱེན་དགོས་པ་དང་། ལྷག་པར་དུ་མི་མང་ཡོངས་རྫོགས་ཀྱིས་ཁྲིམས་གཞི་གང་གི་འོག་ལ་རང་ཉིད་ཀྱིས་མང་གཙོའི་ཁེ་དབང་ལོངས་སྤྱོད་བྱེད་ཀྱི་ཡོད་པ་རྟོགས་དགོས་པ་གལ་ཆེན་པོ་རེད། བཅའ་ཁྲིམས་ལ་སློབ་སྦྱོང་མ་བྱེད་ན་མང་གཙོའི་ཁེ་དབང་ཡོངས་སུ་རྫོགས་པར་ལོངས་སུ་སྤྱོད་རྒྱུ་དང་། མང་གཙོའི་ལས་འགན་ཡོངས་སུ་རྫོགས་པ་བསྒྲུབ་རྒྱུ་དེ་དཀའ་ལས་ཁག་པོ་ཆགས་ཡོད། ཅེས་དང་།
མཇུག་ཏུ་བོད་མིའི་ཆིག་སྒྲིལ་སྐོར་ལ་ཁོང་གིས། ཆིག་སྒྲིལ་ཟེར་བ་དེ་ང་ཚོས་རྟག་ཏུ་བཤད་ཀྱི་ཡོད་ལ། དགོས་གལ་ཆེན་པོ་ཡིན་པ་ཀུན་གྱིས་ཤེས་གསལ་རེད། ད་ལྟ་ཕན་ལ་མི་རིགས་གཅིག་གིས་གཞན་ལ་དབང་སྒྱུར་བྱེད་སྐབས། དབང་སྒྱུར་བྱེད་ཐབས་ཀྱི་ལག་ཆ་ཆེ་ཤོས་དེ་དུམ་བུར་བགོས་ནས་དབང་སྒྱུར་བྱས་ཟེར་བ་དེ་རང་རེད། དུམ་བུར་བགོས་ནས་དབང་སྒྱུར་བྱས་ཟེར་བ་དེ་ཚང་མ་བགོ་བྱ་བརྒྱབས་པའམ་ནང་ལོགས་ཚང་མ་མི་མཐུན་པ་བཟོས་ནས་ཕན་ཚུན་འཐབ་རྩོད་བྱེད་བཅུག་པ་རེད། ད་ལྟ་བྱིས་པ་ཆུང་ཆུང་ཚོའི་སློབ་དེབ་ནང་དུ་བག་ལེབ་ཅིག་བགོ་བཤའ་རྒྱག་པར་ཞི་མིའི་གམ་དུ་སོང་བ་ཞིག་ཡོད་རེད། དེ་ཚོ་ཚང་མ་དངོས་ཡོད་གནས་ཚུལ་རང་རེད་འདུག དབྱིན་ཇིའི་ལུང་པས་འཛམ་གླིང་ས་ཡི་གསུམ་གཉིས་དབང་བསྒྱུར་བའི་སྐབས་སུ་ཁོ་ཚོས་ལག་ཆ་གཙོ་བོ་དུམ་བུར་བགོ་རྒྱུ་དེ་རེད། རྒྱ་ནག་ལ་མཚོན་ནའང་དེ་ག་རང་རེད། ཕུན་ཚོགས་དབང་རྒྱལ་གཤེགས་འགྲོ་མཁན་དེས་སྐད་གྲགས་ཆེ་བའི་ཡི་གེ་རིང་པོ་ཞིག་བྲིས་ཡོད། དེའི་ནང་དུ་ནན་ཏན་གྱིས་རྒྱ་ནག་གིས་དུམ་བུར་བགོས་ནས་དབང་བསྒྱུར་བྱེད་བཞིན་འདུག་ཅེས་བཤད་ཡོད། དེས་ན་ཆིག་སྒྲིལ་དགོས་ཀྱི་ཡོད་པ་དེ་ཚང་མས་ཤེས་ཀྱི་ཡོད། ཡིན་ནའང་ཆིག་སྒྲིལ་གྱི་གནས་སྟངས་དེ་ཅིའི་ཕྱིར་ཡོང་ཐུབ་ཀྱི་མེད་ཅེ་ན། ཆིག་སྒྲིལ་ཡོང་སའི་གཞི་རྩ་གཙོ་བོ་དེ་འདྲ་མཉམ་རེད། འདྲ་མཉམ་དེ་ཕལ་ཆེར་ང་ཚོ་ལ་ཡོད་རེད། གཉིས་པ་ནི་ཕན་ཚུན་གཅིག་གིས་གཅིག་ལ་ཡིད་ཆེས་དགོས་པ་དེ་རེད། དེ་དག་ནི་ཆིག་སྒྲིལ་གྱི་གཞི་རྩ་རེད། ཡིད་ཆེས་བློས་འགེལ་ཟེར་དུས་མི་ཚང་མའི་བསམ་ཚུལ་གཅིག་མཐུན་ཡོང་བ་ཧ་ལམ་མི་སྲིད་པ་རེད། མི་སོ་སོའི་ཁམས་དང་མོས་པ་བསམ་པ་སོགས་མི་འདྲ་བ་ཡིན་དུས་བསམ་ཚུལ་མི་འདྲ་བ་དང་ལས་དོན་མི་འདྲ་བ་འདོད་པ་མཐུན་མི་མཐུན་ཡོང་གི་རེད། ཡིན་ནའང་འདོད་པ་མཐུན་མི་མཐུན་དང་བསམ་ཚུལ་འདྲ་མི་འདྲ་དེ་དག་བསམ་ཚུལ་དང་ལས་དོན་གྱི་གནས་བབ་ལ་འཇོག་དགོས་པ་མ་གཏོགས། གང་ཟག་གི་གནས་བབ་ལ་ཁུར་མི་ཡོང་བ་བྱེད་དགོས་པ་དེ་ཆིག་སྒྲིལ་ལ་མེད་དུ་མི་རུང་བའི་ཡན་ལག་ཅིག་རེད། དེ་ལ་དགོངས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྟོན་པ་བཞིའི་རྣམ་གཞག་དེ་གསུངས་པ་རེད། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཆོས་དེ་ཡང་ཚིག་ལ་མ་རྟོན་དོན་ལ་རྟོན། དོན་དེ་ཡང་དྲང་དོན་ལ་མ་རྟོན་ངེས་དོན་ལ་རྟོན། ངེས་དོན་དེ་ཡང་དབང་ཤེས་ལ་མ་རྟོན་ཡིད་ཤེས་ལ་རྟོན་བཅས་རེད། འདི་ལྟར་འགྲོ་ཐུབ་ན་ཆིག་སྒྲིལ་ཡོང་ཐུབ། ༧གོང་ས་མཆོག་སྤྱི་འཐུས་གྲོས་ཚོགས་སུ་ཐེངས་གཉིས་ཕེབས་སྐབས་རྟོན་བཞིའི་རྣམ་གཞག་གོ་མ་ལྡོག་པ་དགོས་ཞེས་ནན་ཏན་གྱིས་བཀའ་གནང་ཡོད། ཅེས་དང།
ཡང་ཁོང་གིས་མུ་མཐུད། བསྡོམས་བརྒྱབས་ནས་ཞུས་ན། ལས་དོན་ཞིག་ལ་འདོད་པ་མ་ཁེངས་པར་ངོ་རྒོལ་བྱ་དགོས་ཀྱི་ཡོད་ན། ལས་དོན་དེ་འགྲིག་གི་མི་འདུག་ཅེས་ངོ་རྒོལ་བྱེད་དགོས་མ་གཏོགས། གང་ཟག་དེ་འགྲིག་གི་མི་འདུག་ཅེས་ངོ་རྒོལ་བྱེད་རྒྱུ་མེད། གཱཾདྷཱིས་གསུངས་པའི་སྙིང་དོན་གཙོ་བོ་དེ་རེད། ཁྲིམས་འགལ་བྱེད་མཁན་གྱི་མི་དེར་སྙིང་རྗེ་བྱེད་དགོས་པ་དང་། ཁྲིམས་འགལ་གྱི་ལས་དོན་དེར་ཁ་གཏད་གཅོག་དགོས་ཞེས་གསུངས་ཡོད། མྰ་ཁེ་སིའི་བཤད་སྟངས་ལྟར་ན་མི་རིགས་རིང་ལུགས་ཞེས་པ་ཞིག་ཡོད་པ་རེད། མི་རིགས་རིང་ལུགས་ལ་མི་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་ཞེས་དབྱེ་བ་གཉིས་ཕྱེ་ཡོད། ས་གནས་མི་རིགས་རིང་ལུགས་དང་མི་རིགས་ཆེན་པོའི་རིང་ལུགས་གང་ཡང་རུང་བ་དེ་ཡོད་ན་ཆིག་སྒྲིག་ཡོང་ཐབས་མེད་ལ། མི་རིགས་ཁ་བྲལ་དང་མི་རིགས་འཐབ་རྩོད་ཡོང་རྒྱུ་རེད། ང་ཚོ་བོད་མི་རིགས་ཚང་མ་མི་རིགས་གཅིག་རེད། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་མང་པོ་ཡོད་པའི་ནང་ནས་ང་ཚོ་མི་རིགས་གཅིག་རེད་མ་གཏོགས་མང་པོ་མ་རེད། ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་ས་གནས་མི་རིགས་རིང་ལུགས་དང་མི་རིགས་ཆེན་པོའི་རིང་ལུགས་ཡོང་ཐབས་མེད། ཡིན་ནའང་བར་ལམ་ང་ཚོའི་ཁྲོད་ལུང་ཚན་དང་ཆོས་ལུགས། སྡེ་ཚན་སོགས་དབྱེ་བ་ཕྱེ་ནས་ས་གནས་མི་རིགས་རིང་ལུགས་ཀྱི་བཟོ་ལྟ་བུ་ཡོང་གི་ཡོད། དེས་རྐྱེན་གྱིས་ཏན་ཏན་ང་ཚོའི་ཆིག་སྒྲིལ་གྱི་གནས་བབ་ལ་དཀའ་ངལ་ཞིག་ཆགས་ཡོད། བྱ་བ་ག་རེ་བྱས་པ་ཡིན་ནའང་འགྲིག་དང་མ་འགྲིག་པའི་མཐོང་ཚུལ་མང་པོ་ཡོང་གི་རེད། དེ་བདེན་པ་ཡིན་སྲིད་པ་རེད་ལ། ནོར་བའང་ཡིན་སྲིད། གང་ལྟར་རང་གི་ངོས་ནས་ནོར་བ་མཐོང་བ་ཡིན་ན་ནོར་བ་རེད་ཅེས་བརྗོད་རྒྱུར་སྤོབས་པ་བྱེད་དགོས་ལ་བཤད་ཀྱང་དགོས་པ་རེད། མ་བཤད་པ་ཡིན་ན་ནོར་འཁྲུལ་ཡིན་ནའང་མི་མང་གིས་ངོས་ལེན་བྱས་པ་ཞིག་ཆགས་འགྲོ་གི་རེད། གཱཾདྷཱིས་ཁྲིམས་མཐུན་མ་ཡིན་པ་ཞིག་ལ་ངོ་རྒོལ་མ་བྱས་པར་བཞག་ན་དེ་ལ་ངོས་ལེན་བྱས་པ་ལྟ་བུ་ཆགས་འགྲོ་གི་ཡོད་རེད། དེ་དག་ལ་ང་ཚོས་ངེས་པར་དུ་ཁ་གཏད་གཅོག་དགོས། ཡིན་ནའང་བྱེད་པ་པོ་དེ་ལ་ག་དུས་ཡིན་ནའང་བརྩེ་བ་དང་གུས་ཞབས་བྱེད་དགོས་ཞེས་གསུངས་ཡོད། གཱཾདྷཱིས་གུས་ཞབས་བྱེད་པ་མ་ཟད་ཡིད་ཆེས་རང་གནང་གི་ཡོད། ངོ་རྒོལ་བྱེད་སའི་མི་དེ་ལ་དམའ་འབེབས་སོགས་གང་ཡང་གནང་གི་མེད། ཡིད་ཆེས་བློ་གཏད་ཡོད་ན་ཆིག་སྒྲིལ་དོན་དུ་ག་དུས་ཡིན་ནའང་མི་མང་པོ་རུག་རུག་བྱེད་དགོས་ཆགས་ཀྱི་མེད། ང་ཚོའི་བསམ་བློའི་ནང་མི་རིགས་ཆིག་སྒྲིལ་དགོས་ན་མི་རིགས་ཚང་མའི་སྐུ་ཚབ་དེའི་ནང་ཚུད་དགོས་པ་ལྟ་བུ་དང། མི་རིགས་གཞན་ཞིག་གིས་མི་རིགས་གཞན་ཞིག་གི་བྱ་བ་དེ་བྱེད་ཐུབ་ཀྱི་མ་རེད་བསམ་པའི་དྭོགས་པ་རྣམ་རྟོག་ཡོད་ན་ཆིག་སྒྲིལ་ཡོང་ཐབས་མེད། དཔེར་ན། ང་ཚོ་ཆོལ་ཁ་གསུམ་ལྟ་བུ་ལ་མཚོན་ན། ཆོལ་གསུམ་ཆིག་སྒྲིལ་ཡོང་བའི་དོན་དུ་ཟ་མ་བཟོ་མཁན་དང་གད་རྒྱག་མཁན་ཞིག་ཡིན་ནའང་རེད། དེའི་ནང་ལ་ཆོལ་ཁ་གསུམ་གྱི་མི་མ་ཚང་བ་ཡིན་ན་ཆིག་སྒྲིལ་ཡོང་ཐབས་མེད་པའི་བསམ་ཚུལ་ཡོང་གི་འདུག ཆོལ་ཁ་སུའི་མི་ཡོད་པ་ཡིན་ནའང་ཆོལ་ཁ་གསུམ་དེ་གཅིག་གྱུར་དང་འདྲ་མཉམ་གྱི་འདུ་ཤེས་དང་། འདུ་ཤེས་དེའི་དྲངས་པའི་འགན་ཁུར་དང་། ལྷག་པར་དུ་རང་ཉིད་ཆོལ་ཁ་དང་པོ་དེ་ཡིན་ན་རང་གི་ཁེ་ཕན་ལས་ཆོལ་ཁ་གཉིས་པ་དང་གསུམ་པའི་ཁེ་ཕན་སྔོན་ལ་བརྩི་དགོས་པ། དེ་བཞིན་ཆོལ་ཁ་གཞན་དག་གིས་རང་ལས་ཆོལ་ཁ་གཞན་གྱི་མངོན་འདོད་དང་ཁེ་ཕན་དེ་སྔོན་ལ་བརྩི་སྟེ་ཚང་མས་རང་ལས་གཞན་གཙོ་ཆེ་བར་བརྩིས་པ་ཡིན་ན་ཆིག་སྒྲིལ་དེ་དོན་དང་ལྡན་པ་ཞིག་དང་དངོས་པོའི་གནས་ཚུལ་དང་མཐུན་པ་ཞིག་ཡོང་གི་ཡོད་པ་རེད། ཅེས་སོགས་རྒྱས་པར་ཕེབས་ཤིང་། སྐབས་དེར་བོད་མི་མང་སྤྱི་འཐུས་ལས་ཟུར་ཁག་ཅིག་གིས་གཙོས་དྷ་ས་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ་དང་། མི་མང་བཅས་འདུ་འཛོམས་འདུག