༈ བྷོཔཱལ་དུ་སྐྱེ་རྒུའི་དཔྱད་བསྡུར་ཞེས་པའི་ཚོགས་ཆེན་དུ་གསུང་བཤད་གནང་བ།
༄༅།། ༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐྱེ་རྒུའི་དཔྱད་བསྡུར་ (Lokmanthan) ཡུལ་དུས་གནས་སྟངས་ (དེཤ་ཀཱལ་སྠིཏི་) ཞེས་རྒྱལ་ཁབ་དང་པོར་འཇོག་པའི་བསམ་བློ་བ་དང་ཉམས་ལེན་པའི་རྒྱལ་ཡོངས་བགྲོ་གླེང་ཚོགས་ཆེན་གྱི་མཇུག་བསྡོམས་སུ་སྐུ་མགྲོན་གཙོ་བོའི་ཚུལ་དུ་གསུང་བཤད་གནང་ཞིང་།
དེ་ནི་མདྷྱ་པྲདེཤ་མངའ་སྡེ་གཞུང་གི་ལེགས་བྱང་སྡེ་ཚན་དང་པྲཉྫཱ་པྲབཱཧ་ཞེས་པའི་ཚོགས་སྡེ་གཉིས་ཟུང་འབྲེལ་གོ་སྒྲིག་འོག་བྷོཔཱལ་གྱི་མངའ་སྡེའི་གྲོས་ཚོགས་ཚོགས་ཁང་གི་འདབ་འབྲེལ་ཚོགས་ཁང་ཞིག་ཏུ་ཚོགས་པ་དང་། ཚོགས་ཆེན་དེ་ནི་ ༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༡༢ ནས་དབུ་འཛུགས་ཀྱིས་ཚེས་ ༡༤ ཉིན་གྲུབ་པ་མ་ཟད། ཆབ་སྲིད་པ་དང་། གསར་ཤོག་གི་རྩོམ་སྒྲིག་པ་དང་གསར་འགོད་པ་གྲགས་ཅན། སློབ་དཔོན་ཆེན་པོ་དང་ཤེས་ཡོན་པ། འབྲི་རྩོམ་པ། སྒྱུ་རྩལ་བ་དང་འཁྲབ་སྟོན་པ། སྲིད་བྱུས་བཟོ་འགོད་པ། སྤྱི་ཚོགས་ཞབས་ཞུ་བ། སློབ་གཉེར་བ་སོགས་ཆིག་སྟོང་བརྒལ་བ་འདུ་འཛོམས་ཀྱིས་རྒྱལ་ཁབ་དང་། རིག་པ། དེང་རབས་དང་མི་ཚེ་སྐྱེལ་སྟངས། རང་ཡུལ་གྱི་དཔལ་འབྱོར་རིག་པ། སྐད་ཡིག ངོས་འཛིན། སྒྱུ་རྩལ་དང་ལེགས་བྱང་། དེང་སྐབས་བརྒྱུད་ལམ་གྱི་གནས་སྟངས། བྱུང་བ་རིག་པའི་བསྐྱར་ཞིབ། གློག་བརྙན་དང་མང་ཚོགས་ཀྱི་སྒྱུ་རྩལ་གྱི་འགྱུར་རིམ། རྒྱ་གར་གྱི་ཤེས་ཡོན་པའི་སྤྱི་ཚོགས་སོགས་བརྗོད་གཞི་སྣ་ཚོགས་ཐོག་དགོངས་ཚུལ་བརྗེ་ལེན་གནང་འདུག
ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོ་སྟེ་ ༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཤིབ་རཱཇ་སིངྷ་ཅཽཧཱན་མཆོག་དང་། མངའ་སྡེའི་སྲིད་སྐྱོང་ཨོམ་པྲཀཱཤ་ཀོཧལཱི་མཆོག མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་སཱིཏཱ་སརན་ཤརྨཱ། མངའ་སྡེའི་ལེགས་བྱང་བློན་ཆེན་སུརེནྡྲ་པཊབཱ། དེ་བཞིན་དབུ་ཁྲིད་མང་པོ་ཕེབས་ཡོད་འདུག
༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་མཇུག་བསྡོམས་མཛད་སྒོའི་ཐོག་མར་སྐུ་ཞབས་ནནྡ་ཀུམཱར་གྱིས་ཉིན་གསུམ་གྱི་ཚོགས་འདུའི་བགྲོ་གླེང་གི་ཕྱོགས་བསྡོམས་སྙན་སྒྲོན་དང་། དེ་ནས་དམིགས་བསལ་སྐུ་མགྲོན་གློག་བརྙན་འཁྲབ་སྟོན་པ་ཨནུཔམ་ཁེར་གྱིས་གསུང་བཤད་གནང་ཟིན་རྗེས། སྐུ་མགྲོན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འཇིགས་པ་ཆེན་པོ་བཞི་ (འཚེ་བ་དང་། དབུལ་ཕྱུག་མི་མཉམ་པ། ཁོར་ཡུག་འབགས་བཙོག ཆོས་ཀྱི་བེད་ལོག་) དང་། མི་མཉམ་པ་བཞི་ (རང་དང་གཞན། སྒེར་དང་སྤྱི། འགྲན་བསྡུར་དང་མཉམ་ལས། ཐོབ་ཐང་དང་ལས་འགན་) བཅས་ཀྱི་ཐོག་གསུང་བཤད་གནང་བ་མ་ཟད། སྐད་ཡིག་གི་རང་དབང་མེད་ན་ཆབ་སྲིད་ཀྱི་རང་དབང་ལ་དེ་ཙམ་རིན་ཐང་མེད་ཚུལ་སོགས་རྒྱས་པར་གསུངས། དེ་ནས་སྐུ་ཞབས་དཏྟཱ་ཏྲེཡ་ནས་ཚོགས་ཆེན་གྱི་བསྒྲགས་གཏམ་སྙན་སྒྲོན་གནང་། མཐར་འབུམ་རམས་པ་ཅནྡྲ་པྲཀཱཤ་དྭིབེདཱི་ནས་དབུ་བཞུགས་ཀྱི་གསུང་བཤད་གནང་མཚམས། ཚང་མ་སྐུ་བཞེངས་ཀྱིས་བནྡེ་མཱཏརམ་ཞེས་པའི་གླུ་བླངས་ཏེ་ཚོགས་ཆེན་གྲོལ།
སྐབས་དེར་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། མངའ་སྡེ་གཞུང་གི་ལེགས་བྱང་བློན་ཆེན། དེ་བཞིན་མངའ་སྡེ་གཞུང་གི་ལེགས་བྱང་སྡེ་ཚན་གྱི་སྤྱི་ཁྱབ་དྲུང་ཆེ་སོགས་ཀྱིས་མཚོན་གཞུང་ཞབས་རྣམ་པ་དང་། ཤེས་ཡོན་པ་སོགས་མཉམ་ཞུགས་པ་ ༡༠༠༠ ཙམ་འདུ་འཛོམས་བྱུང་འདུག