༈ བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་གསུང་བཤད་གནང་བ།

༄༅།། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༡ ཉིན་བཞུགས་སྒར་ཉེ་འཁྲིས་ས་རཱ་བོད་ཀྱི་མཐོ་སློབ་ཚོགས་ཁང་དུ་དབུས་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༢ པའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུས་དང་།

དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་དང་བཙུན་མའི་ལས་འཆར་འགན་འཛིན་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས། སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས། གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ་དང་། ས་གནས་ཁག་ ༣༧ ནས་ཕེབས་པའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འཐུས་མི་ ༡༩༢ འཛོམས་འདུག མཛད་སྒོའི་ཐོག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་འདས་པའི་ལོ་ངོ་གསུམ་རིང་གི་ལས་བསྡོམས་སྙན་སྒྲོན་ཞུས་པ་དང་། དམིགས་བསལ་སྐུ་མགྲོན་སོགས་ཀྱི་གསུང་བཤད་གནང་རྗེས།

སྐུ་མགྲོན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། སྤྱིར་བཏང་འགྲོ་བ་མིའི་སྤྱི་ཚོགས་ཟེར་དུས་སྐྱེས་པ་དང་བུད་མེད་ཟུང་འབྲེལ་ཐོག་འགྲོ་དགོས་པའི་སྤྱི་ཚོགས་ཤིག་ཡིན་པ་ལས། བུད་མེད་རྐྱང་པ་དང་སྐྱེས་པ་རྐྱང་པས་སྐྱོང་ཐུབ་པའི་སྤྱི་ཚོགས་ཤིག་ཆགས་མེད། འཁོར་བའི་ནང་འཁོར་བའི་གནས་སྐབས་སུའང་ལས་དང་ཉོན་མོངས་པ་ཟུང་འབྲེལ་ཐོག་ནས་འཁོར་གྱི་ཡོད་པ་རེད། ཐར་པ་སྒྲུབ་པའི་སྐབས་སུའང་ཐབས་དང་ཤེས་རབ་ཟུང་འབྲེལ་ཐོག་ནས་འགྲོ་བ་མ་གཏོགས། ཐབས་རྐྱང་པས་སངས་རྒྱས་ཐུབ་རྒྱུ་དང་། ཤེས་རབ་རྐྱང་པས་སངས་རྒྱས་ཐབས་མེད་པ་དེ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡང་ཡང་བཀའ་གནང་ཡོད། དེར་བརྟེན་གཅིག་མེད་ཚེ་གཞན་དེ་ཡང་མེད་པ་ཆགས་འགྲོ་གི་ཡོད་པ་དང་། གཅིག་ལ་གཅིག་བརྟེན་གྱི་རྣམ་གཞག་ཆ་ཚང་བ་ཞིག་མ་བྱུང་ཚེ། འཁོར་འདས་ཀྱི་རྣམ་གཞག་གཉིས་ཆ་འབྱེད་འགྲོ་བ་ཆགས་ཀྱི་ཡོད།

གདོད་མའི་སྤྱི་ཚོགས་ནང་དུའང་སྐྱེས་པ་དང་བུད་མེད་ཀྱི་འགན་ཁུར་འདྲ་མཉམ་རེད། ཡིན་ནའང་སྐྱེས་པ་དང་བུད་མེད་ཀྱི་འགན་གཙོ་བོ་ག་རེ་ཡིན་པའི་ཐད་འགན་ཁུར་ལ་དབྱེ་བ་ཡོད་པ་རེད། གདོད་མའི་སྤྱི་ཚོགས་ནང་ལས་འགན་གྱི་སྐད་ཆ་མ་གཏོགས་ཐོབ་ཐང་གི་སྐད་ཆ་ཡོད་པ་མ་རེད། ཐོབ་ཐང་གི་སྐད་ཆ་བཤད་རྒྱུ་དེ་དེང་རབས་སྤྱི་ཚོགས་དཔལ་ཡོན་གྱི་དུས་འགྱུར་ཞིག་རེད། སྐད་ཆ་དེ་བཤད་པའི་ཉིན་ནས་བཟུང་འགྲན་བསྡུར་དང་འཐབ་རྩོད། ཁ་གཏད་གཅོག་ཟེར་བ་དེ་རང་བཞིན་གྱིས་ཡོང་གི་ཡོད་པ་ཞིག་ཆགས་ཡོད། ཅེས་དང་།

བོད་ཀྱི་བུད་མེད་ཚོས་འབྱུང་འགྱུར་ནུབ་ཕྱོགས་པའི་ལད་ཟློས་བྱས་ཏེ་བུད་མེད་ཀྱི་ཐོབ་ཐང་རྩོད་པའི་ཚབ་ཏུ་བོད་ཀྱི་མི་རབས་སྔ་མ་ཚོའི་མཛད་རྗེས་ནང་བཞིན། བུད་མེད་ཀྱི་ལས་འགན་རྗེས་ལུས་མ་ཐེབས་པ་བྱེད་རྒྱུའི་བསམ་ཚུལ་དེ་ངེས་པར་ཤུགས་ཆེ་རུ་གཏོང་རྒྱུ་དང་གོ་བརྡ་སྤྲོད་དགོས་རྒྱུ་དེ་གལ་ཆེན་པོ་རེད། ཅེས་དང་།

ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕོ་མོ་འདྲ་མཉམ་དུ་གཟིགས་སྐོར་ཁོང་གིས་། སངས་རྒྱས་འཇིག་རྟེན་ཏུ་བྱོན་པའི་སྐབས་རྒྱ་གར་གྱི་སྤྱི་ཚོགས་ངན་གོམས་ཆེ་ཤོས་དེ་སྐྱེས་པ་དང་བུད་མེད་ལ་མཆོག་དམན་བརྩི་རྒྱུ་དང་། རིགས་ཀྱི་དབྱེ་བ་ཕྱེས་ཏེ་ཆོ་ག་སྒྲུབ་ཕྱོགས་ཀྱི་ཐོབ་ཐང་འདྲ་མཉམ་མེད་པ་དེ་ཡིན་སྟབས།  སངས་རྒྱས་འཇིག་རྟེན་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་ལ་རིགས་མི་གཙོ། རུས་མི་གཙོ། རྟེན་མི་གཙོ། བསམ་པ་ཉིད་གཙོ་བ་ཡིན་ཞེས་གསུངས་ཏེ་རྒྱ་གར་གྱི་སྤྱི་ཚོགས་ནང་དམིགས་བསལ་གྱིས་ལམ་སྲོལ་གསར་པ་ཞིག་གཏོད་གནང་མཛད་ཡོད། འཇིག་རྟེན་འདིར་བྱོན་པའི་ཆོས་ཕྱོགས་ཀྱི་སྟོན་པ་ཚང་མའི་གསུང་ལ་གཟིགས་ན། སངས་རྒྱས་ཀྱི་གསུང་ནང་བཞིན་སྐྱེས་པ་དང་བུད་མེད་ཀྱི་རྟེན་ལ་དབྱེ་བ་མ་ཕྱེ་བར། ག་དུས་ཡིན་ཡང་འདྲ་མཉམ་ཐོག་མཉམ་ཞུགས་བྱེད་ཆོག་པ་བཟོས་པ་ནི་སྟོན་པ་ཁོང་མ་གཏོགས་ཧ་ལམ་མེད་པ་ལྟ་བུ་རེད། སངས་རྒྱས་ཀྱིས་གསུངས་པའི་མདོ་རྒྱུད་ག་འདྲ་ཞིག་ཏུ་གཟིགས་པ་ཡིན་ནའང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ལ་ལ་ཞེས་གསུངས་ཡོད་སྟབས། དགྲ་བཅོམ་པའི་གོ་འཕང་འཐོབ་རྒྱུ་སོགས་འདི་ཕྱི་གཉིས་ཀྱི་གོ་འཕང་ག་འདྲ་ཞིག་ཐོབ་དགོས་ཀྱི་ཡོད་ནའང་། ཐབས་དང་ཤེས་རབ་གཉིས་པོ་དེ་ཡ་མ་བྲལ་བར་འགྲོ་དགོས་རྒྱུ་དེ་སངས་རྒྱས་ཀྱི་ཆོས་ཀྱི་སྙིང་པོ་ཡིན་སྐོར་སོགས་གསུང་བཤད་ཟབ་རྒྱས་བསྩལ་འདུག