༈  བཞུགས་སྒར་དྷ་སའི་ཁུལ་དུ་མཛད་འཕྲིན་བསྐྱངས་པ།

༄༅།།  ༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༣ ཉིན་སྔ་དྲོ་དྷ་སའི་དྭང་བླངས་འཁྲུངས་ཚེས་གོ་སྒྲིག་ཚན་ཆུང་གི་གོ་སྒྲིག་འོག་བཞུགས་སྒར་དྷ་སའི་བོད་ཀྱི་ཟློས་གར་ཚོགས་ཁང་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་ཚེས་སྲུང་རྩི་དང་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཞིག་ཉིན་གཉིས་སྔ་བསྣུར་གྱིས་གནང་ཞིང་།

དེ་ཡང་ཐོག་མར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་དང་།  དེ་བཞིན་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བོད་བསྟན་སྲིད་མི་རིགས་ཀྱི་གཅེད་དུ་ལུས་སྲོག་ལུང་སྤྱོད་བློས་གཏོང་མཛད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་ངག་བཅད།  རྟེན་འབྲེལ་མཚོན་བྱེད་གསོལ་ཇ་དང་གྲོ་མ་འབྲས་བསིལ་འདེགས་འབུལ།  བོད་གཞུང་ཟློས་གར་ཚོགས་མི་ཟུར་པ་ཁག་ཅིག་གིས་གླུ་གཞས་ཀྱི་མཆོད་འབུལ།

གོ་སྒྲིག་ཚོགས་ཆུང་གིས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་ཚེས་དང་བཀའ་དྲིན་རྗེས་དྲན་ཞུ་དགོས་དོན་གསེར་སྙན་སྒྲོན་འབུལ།  གནས་ཆུང་སྐུ་ངོ་སྐུ་རྟེན་མཆོག་གིས་སློབ་དཔོན་ཟམ་གདོང་རིན་པོ་ཆེར་ཚེ་བུམ་འབུལ་ལམ།  གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་སྐུ་གསུང་ཐུགས་རྟེན་འདེགས་འབུལ།  སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་།  གནས་ཆུང་གྲྭ་ཚང་།  མཚན་ཉིད་གྲྭ་ཚང་།  ཀིརྟི་གྲྭ་ཚང་བཅས་ཀྱིས་འབུལ་ཚན་སྟབས་འབུལ།

བོད་ཀྱི་ཉེ་རབས་ལོ་རྒྱུས་སྐོར་གྱི་གསུང་བཤད་ཅེས་པའི་དཔེ་དེབ་ཞལ་དབྱེ།  ཀུན་བདེ་གླིང་རིན་པོ་ཆེ་མཆོག་གིས་བཀའ་དྲིན་ཞུ་རྟེན་དུ་ཚེ་ལྷ་རྣམ་གསུམ་གྱི་ཞལ་ཐང་འབུལ་ལམ།  སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་མཎྜལ་འདེགས་འབུལ།  བོད་གཞུང་ཟློས་གར་ཚོགས་མི་ཟུར་པ་ཁག་ཅིག་གིས་གླུ་གཞས་ཀྱི་མཆོད་འབུལ།  ཀུན་བདེ་གླིང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་རྗེས།  སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་དྲིན་རྗེས་དྲན་ཞུ་དགོས་ས་༧གོང་ས་མཆོག་ཁོ་ན་ལས་མེད་ཚུལ་སོགས་གསུང་བཤད་རྒྱས་པར་བསྩལ།  དེ་ནས་གོ་སྒྲིག་ཚན་ཆུང་གིས་མཛད་སྒོ་འདི་འབྲེལ་གྱི་རྩིས་ཁྲ་སྒྲོགས་སྦྱང་།  མཐའ་མ་གོ་སྒྲིག་ཚོགས་ཆུང་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲུབ།  སྐབས་དེར་མང་ཚོགས་འདུ་འཛོམས་ཆེ་ཙམ་འདུག

 

ཇི་ལྟར་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བས་གསོལ་འདེབས་ཞུས་པ་བཞིན་ ༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༤ དང་ཚེས་ ༥ ཉིན་གཉིས་རིང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དྷརྨ་ཤཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཤེས་རབ་སྙིང་པོའི་གསུང་ཆོས་བཀའ་དྲིན་བསྩལ་བར་བསྐྱར་བཤད་དང་།  དྲི་བ་ཁག་ལ་ལན་འདེབས་གནད་སྨིན་བཅས་གནང་འདུག

༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༧ ཉིན་དྷ་སར་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གིས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་འཁྲུངས་ཚེས་ཉིན་བྱེས་ཀྱི་རྭ་མོ་ཆེའི་གཙུག་ལག་ཁང་དུ་རིན་པོ་ཆེ་མཆོག་ལ་ཟབ་ལམ་བླ་མ་མཆོད་པ་དང་འབྲེལ་བའི་སྒོ་ནས་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་འདུག  སྐབས་དེར་རྒྱུད་སྟོད་མཁན་རིན་པོ་ཆེ་མཆོག་དང་བླ་མ་དབུ་མཛད་ཀྱིས་གཙོས་འདུས་ཚོགས་དང་།  འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་རྒྱུད་ཟུར་རྣམ་པ།  དེ་བཞིན་མང་ཚོགས་ཕོན་ཆེ་འདུ་འཛོམས་འདུག