༈ བཞུགས་སྒར་དྷ་ས་ཁུལ་དུ་གསུང་བཤད་ཁག་གནང་བ།
༄༅།། ཇི་ལྟར་གདན་ཞུ་ཕུལ་བ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ ༢༠༡༩ ཕྱི་ཟླ་ ༥ ཚེས་ ༤ ཉིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཆེད་ཕེབས་ཀྱིས་སྔ་དྲོ་དང་ཕྱི་དྲོ་བཅས་ཚོགས་ཐེངས་གཉིས་རིང་རྒྱུད་སྟོད་གྲྭ་ཚང་གི་སློབ་ཚན་ཆ་བགོས་དང་ཕྱག་འཁྱེར་གནང་ཕྱོགས་ཀྱི་ཚོགས་འདུའི་ཐོག་མཉམ་ཞུགས་གནང་སྟེ།
སློབ་ཚན་ཆ་བགོས་དང་ཕྱག་འཁྱེར་གནང་ཕྱོགས་ཐོག་ཚོགས་མི་རྣམ་པའི་ལྷན་དུ་བཀའ་བསྡུར་དང་འབྲེལ་གསལ་བཤད་དང་ལམ་སྟོན་གསུང་བཤད་གནང་ཞིང་། སྐབས་དེར་གྲྭ་ཚང་གི་བླ་མ་དབུ་མཛད་རིན་པོ་ཆེས་དབུས་པའི་སློབ་གཉེར་ལྷན་ཚོགས་ཀྱི་ཚོགས་མི་དང་། ཆོས་འབྱུང་དང་འགྲོ་ཁུངས་བསྐྱར་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་པ་སོགས་ཕེབས་འཛོམས་འདུག
༢༠༡༩ ཕྱི་ཟླ་ ༥ ཚེས་ ༥ ནས་ ༧ བར་ཉིན་གསུམ་རིང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཐེེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་དུ་ཚོགས་མུས་འཇམ་མགོན་བླ་མ་ཙོང་ཁ་ཆེན་པོ་དགོངས་པ་མྱ་ངན་ལས་འདས་ནས་མི་ལོ་ཧྲིལ་པོ་ ༦༠༠ འཁོར་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོའི་ཉིན་གཉིས་པའམ་ཕྱི་ཚེས་ ༦ སྔ་དྲོ་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་སྐུ་མགྲོན་གཙོ་བོའི་ཚུལ་དུ་དུས་འཁོར་དང་འབྲེལ་བའི་ཐོག་ཏུ་གསུང་བཤད་གནང་ཞིང་། སྐབས་དེར་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་དང་། གདན་ས་དང་བཤད་གྲྭ་སོགས་ནས་མཁས་པ་མང་པོ་ཕེབས་འདུག
༢༠༡༩ ཕྱི་ཟླ་ ༥ ཚེས་ ༧ ཉིན་སྔ་དྲོ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆོས་རྭར་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་འདུ་ཆེན་མོ་ཐེངས་བཞི་པའི་དབུ་འབྱེད་མཛད་སྒོར་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་རྟེན་མཆོག་སྤྱན་སྔར་མར་མེ་སྒྲོན་འབུལ་དང་འབྲེལ་ཚོགས་ཆེན་དབུ་འབྱེད་མཛད། དེ་ནས་ཀིརྟིའི་དགེ་རྩ་ཚོགས་པའི་འགན་འཛིན་གྲོས་ཚོགས་ཀྱི་ཚོགས་གཙོ་འབྲིང་བ་འཇིགས་མེད་ལགས་ནས་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཆེན་ངོ་སྤྲོད་དང་། ཀིརྟིའི་དགེ་རྩ་ཚོགས་པའི་སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཀྲ་ཚེ་རིང་ལགས་ནས་འདས་པའི་ལོ་གསུམ་རིང་གི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་ནས་ཀིརྟིའི་དགེ་རྩ་ཚོགས་པ་ཚུགས་ནས་ལོ་བཅུ་འཁོར་བའི་དུས་དྲན་དང་སྟབས་བསྟུན་འབྲེལ་ཡོད་སྤྱི་སྒེར་ཁག་ཅིག་ལ་གཟེངས་བསྟོད་དང་ཐུགས་རྗེ་ཆེ་ཞུའི་བཀའ་ཤོག་ཁག་གནང་བ་མ་ཟད། ཚོགས་མི་ཡོངས་ལ་བླང་དོར་ལམ་སྟོན་གྱི་གསུང་བཤད་ཀྱང་བསྩལ། མཐར་ཀིརྟིའི་དགེ་རྩ་ཚོགས་པའི་འགན་འཛིན་གྲོས་ཚོགས་ཀྱི་ཚོགས་གཞོན་སོ་རུ་དར་རྒྱས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་བ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ།