༈  དྷརྨ་ཤཱ་ལཱར་གསུང་བཤད་ཁག་གནང་བ།

༄༅།།  ༢༠༡༩ ཕྱི་ཟླ་ ༡༠ ཚེས་ ༢ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་གོ་སྒྲིག་འོག་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་གཙུག་ལག་ཁང་དུ་རྒྱ་གར་དང་བལ་ཡུལ་ཁུལ་དུ་བཅའ་སྡོད་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་སུམ་ཅུ་ལྷན་འཛོམས་ཀྱི་ཟབ་ཁྲིད་ཐོག་ལམ་སྟོན་གསུང་བཤད་ཆེད་གདན་འདྲེན་ཞུས་པ་ལྟར་ཆེད་ཕེབས་ཀྱིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་གལ་གནད་དང་དེ་དག་གི་ལས་འགན་སོགས་ཀྱི་སྐོར་གསུང་བཤད་རྒྱས་པར་གནང་འདུག ༢༠༡༩ ཕྱི་ཟླ་ ༡༠ ཚེས་ ༧ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་གཙུག་ལག་ཁང་དུ་དབུ་མའི་ལམ་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་གཉིས་པའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོའི་ཚུལ་དུ་གདན་འདྲེན་ཞུས་པ་ལྟར་ཆེད་ཕེབས་ཀྱིས་ལམ་སྟོན་གསུང་བཤད་གནང་སྟེ།  དབུ་མའི་ལམ་གྱི་བདག་དབང་དང་།  དབུ་མའི་ལམ་གྱི་ཕན་ཐོགས་ཇི་བྱུང་།  དབུ་མའི་ལམ་གྱི་སྐོར་དྭོགས་གནད་ཁག་སོགས་ཀྱི་ཐོག་གསལ་བཤད་རྒྱས་པར་གནང་འདུག