༈ དྲན་པ་ཉེ་བར་གཞག་པ་བཞིའི་སྐོར་གསུང་བཤད་གནང་བ།

༄༅།། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ལོ་ཤས་སྔོན་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ ༢༠༡༨ ཕྱི་ཟླ་ ༤ ཚེས་ ༡༦ ནས་ ༡༩ བར་ཉིན་བཞིའི་རིང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྷ་ཞི་བའི་ཚལ་ཚོགས་ཁང་དུ་བོད་པ་དང་ཕྱིའི་རྒྱལ་ཁབ་མི་འདྲ་བ་ཉི་ཤུ་རྩ་ལྔ་ནས་ཕེབས་པའི་དོན་གཉེར་ཅན་མི་གྲངས་བརྒྱད་བཅུ་ཙམ་ལ་ཨིན་སྐད་ཀྱི་ཐོག་ནས་དྲན་པ་ཉེ་བར་གཞག་པ་བཞིའི་སྐོར་གསུང་བཤད་གནང་ཡོད་ཅིང་། སྐབས་དེར་ངོ་དེབ་བརྒྱུད་ཐད་གཏོང་གསན་གཟིགས་གནང་མཁན་ཡང་མང་པོ་བྱུང་ཡོད།

རིན་པོ་ཆེ་མཆོག་གིས་གསུང་དོན། དྲན་པ་ཉེ་བར་གཞག་པའི་ཐ་སྙད་དེ་རྩ་བའི་འབྱུང་ཁུངས་ནི་ལེགས་སྦྱར་གྱི་སྐད་ཡིན་པ་དང་། དྲན་པ་ཉེར་གཞག་ནི་ནང་པའི་ལྟ་གྲུབ་ནས་གསུངས་པའི་ཆོས་ཕྱོགས་ཀྱི་སྒོམ་རྒྱག་སྟངས་ཀྱི་ལམ་ཞིག་ཡིན་ཞིང་། ནུབ་ཕྱོགས་པ་ཚོས་བཤད་པའི་ Mindfulness ལས་དབྱེ་བ་འབྱེད་ཤེས་དགོས། ནང་ཆོས་ནས་གསུངས་པའི་དྲན་པ་ཉེར་གཞག་ནི་དྲན་པ་དང་ཤེས་བཞིན་ཟུང་དུ་འབྲེལ་ནས་སྦྱོར་དངོས་མཇུག་གསུམ་གྱི་རིམ་པ་ཉམས་སུ་ལེན་པར་ཆ་རྐྱེན་ཞིག་ཏུ་འཇོག་གི་ཡོད་ཅེས་དང་།

ཟས་གོས་གནས་མལ་སོགས་ལ་བརྟེན་ནས་ཕྱི་རོལ་གྱི་ལུས་འཚོ་བ་བཞིན་སེམས་ཞི་བདེ་དང་བདེ་ཐང་འཚོ་ཐབས་ནི་སྒོམ་གྱི་དགོས་དོན་ཡིན་པ་དང་། ལས་དང་པོ་བ་ཚོས་སྒོམ་ཇི་ལྟར་རྒྱག་དགོས་པའི་རིམ་པ་དང་། དེའི་སྐབས་སུ་ངེས་པར་དུ་ཀུན་སློང་བཟང་པོ་ཡོད་དགོས་པ། མཐར་དེ་དག་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བསྔོ་དགོས་པ་སོགས་ཀྱི་སྐོར་རྒྱས་པར་གསུངས།

ཉིན་བཞི་པར་དྲི་བ་དྲིས་ལན་གྱི་གོ་སྐབས་གནང་སྐབས་དྲི་བ་ཁག་ལ་བཀའ་ལན་གསལ་པོ་དང་ཞིབ་ཚགས་གནང་ཞིང་། གསུང་བཤད་ལ་ཕེབས་ཚང་མས་ད་ཐེངས་རིན་པོ་ཆེ་མཆོག་གིས་དྲན་པ་ཉེར་གཞག་སྐོར་གསུངས་པ་རྣམས་ཕན་ཐོགས་ཆེན་པོ་བྱུང་བས་གོ་སྒྲིག་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། མ་འོངས་པར་ཡང་མུ་མཐུད་རིན་པོ་ཆེ་མཆོག་གིས་གསུང་བཤད་འདི་འདྲ་གོ་སྒྲིག་ཡང་ཡང་གནང་སྐྱོང་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུས་སོང་། དྲན་པ་ཉེར་གཞག་བཞིའི་སྐོར་གྱི་གསུང་བཤད་འདི་བཞིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དང་ཨ་རི་བོད་ཀྱི་ཐེབས་རྩ་གཉིས་མཉམ་འབྲེལ་གྱིས་གོ་སྒྲིག་ཞུས་པ་ཞིག་རེད།