༈ དེཧརཱ་དཱུན་དང་། མ་སཱུ་རཱི། རཱཇ་པུར་བཅས་སུ་གསུང་བཤད་གནང་བ།
༄༅།། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ ༢༠༡༧ ཕྱི་ཟླ་ ༩ ཚེས་ ༥ ཉིན་དྷརྨ་ཤཱ་ལཱ་ནས་ཕེབས་ཐོན་གྱིས་དིལླཱིར་ཕྱི་ཚེས་ ༦ དང་ ༧ ཉིན་གཉིས་རིང་ཨཡུརྫྙཱན་ཐེབས་རྩའི་ (Ayur Gyan Trust) ཚོགས་འདུ་ཁག་ཏུ་ཞུགས་རྗེས། ཕྱི་ཚེས་ ༨ ཉིན་སྔ་དྲོ་མེ་འཁོར་ཐོག་ཕེབས་ཐོན་གྱིས་དེཧརཱ་དཱུན་མེ་འཁོར་འབབ་ཚུགས་སུ་འབྱོར་སྐབས་བདེ་སྐྱིད་གླིང་ས་གནས་འགོ་འཛིན་དང་། མ་སཱུ་རཱི་བོད་ཁྱིམ་གྱི་སྤྱི་ཁྱབ་དྲུང་ཆེ་དང་དྲུང་ཆེའི་ལས་རོགས། དེ་བཞིན་བོད་མིའི་སྤྱི་ཚོགས་ཀྱི་གནད་ཡོད་མི་སྣ་མང་ཙམ་ཕེབས་བསུར་བཅར་འདུག
༢༠༡༧ ཕྱི་ཟླ་ ༩ ཚེས་ ༩ ཉིན་ཇི་ལྟར་ལོ་མང་སྔོན་ནས་གསོལ་འདེབས་ཞུས་པ་བཞིན་དེཧརཱ་དཱུན་སརྦོདཡ་མཎྜལ་ (Dehradun Sarvodaya Mandal)གྱི་གོ་སྒྲིག་འོག་ཨེམ་ཀེ་པི་མཐོ་སློབ་ (MKP College) ཀྱི་ཚོགས་ཁང་དུ་བིནོབཱ་དྲན་རྟེན་གསུང་བཤད་ (Vinoba memorial lecture) ཚུལ་དུ་ “དེང་གི་གནས་སྟངས་འོག་བིནོབཱའི་དགོངས་ཚུལ་གྱི་འབྲེལ་ཆགས་” (Relevance of Vinoba thought in the current context) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཞིང་། དེའང་ཐོག་མར་རིན་པོ་ཆེ་དང་མཐོ་སློབ་ཀྱི་སློབ་སྤྱི་ཌོཀ་ཊར་ཨིཾདུ་སིཾཧ་ (Dr. Indu Singh) ནས་ཨཱཅཱརྱ་བིནོབཱ་བྷཱབེ་མཆོག་གི་སྐུ་པར་ལ་མེ་ཏོག་ཕུལ་བ་དང་། དེ་རྗེས་མཐོ་སློབ་ཀྱི་སློབ་ཕྲུག་གིས་ཞལ་འདོན་གསོལ་འདེབས། ཟློས་གར་ཐུང་ངུ་འཁྲབ་སྟོན། སློབ་སྤྱི་ཌོཀ་ཊར་ཨིཾདུ་སིཾཧ་ནས་ནུབ་ཕྱོགས་དང་ཤར་ཕྱོགས་ཀྱི་བསམ་བློ་གཏོང་སྟངས་ཀྱི་ཁྱད་པར་སོགས་ལས་འཕྲོས་ཏེ་གསུང་བཤད། སྐུ་ཞབས་པབན་ཀུམཱར་གུཔྟཱ་ (Shri Pawan Kumar Gupta) ནས་རིན་པོ་ཆེའི་ངོ་སྤྲོད་གསུང་བཤད། དེ་ནས་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་སྟེ། ཐོག་མར་ཨཱཅཱརྱ་བིནོབཱ་བྷཱབེ་མཆོག་གི་དགོངས་པ་བཞེས་སྟངས། བདག་ཉིད་ཆེན་པོ་གཱཾདྷཱི་མཆོག་མཇལ་སྟངས།
མཇལ་རྗེས་གང་དང་གང་གནང་བ་སོགས་མདོར་བསྡུས་དང་། དེ་ནས་ “དེང་གི་གནས་སྟངས་” ཞེས་པའི་ཚད་གང་ནས་ཟིན་དགོས་པའི་ཐོག་དོགས་གཅོད་སྣ་ཚོགས་ཡོད་པ་རྣམས་གླེང་སློང་གནང་། མཐར་ “ཨཱཅཱརྱ་བིནོབཱ་བྷཱབེ་མཆོག་གི་དགོངས་ཚུལ་འབྲེལ་ཆགས་” ཡོད་མིན་ནི་སོ་སོས་ལག་ལེན་ཐོག་ལ་བཀལ་མིན་ཐོག་ནས་བལྟ་དགོས་ཚུལ་དང་། གལ་ཏེ་ལག་ལེན་ཐོག་བཀལ་ཚེ་འབྲེལ་ཆགས་དང་། མེད་ཚེ་འབྲེལ་ཆགས་མེད་ཚུལ་སོགས་རྒྱས་པར་གསུངས་རྗེས་དྲི་བ་དང་གསལ་བཤད་དགོས་ངེས་ཁག་ལ་ལན་འདེབས་གནད་སྨིན་གནང་མཚམས། སྐུ་ཞབས་བིཇུ་ནེགཱི་ནས་མཇུག་བསྡོམས་དང་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་གྲུབ། སྐབས་དེར་དེཧརཱ་དཱུན་གྲོང་ཁྱེར་གྱི་གནད་ཡོད་མི་སྣ་དང་། གཱཾདྷཱིའི་རྗེས་འཇུག དགེ་རྒན། སློབ་ཕྲུག་སོགས་འདུ་འཛོམས་འདུག
༢༠༡༧ ཕྱི་ཟླ་ ༩ ཚེས་ ༡༠ ཉིན་སྔ་དྲོ་རཱཇ་པུར་བོད་ཁྱིམ་མགྲོན་ཁང་ནས་མ་སཱུ་རཱི་བོད་ཁྱིམ་དུ་ཕེབས་འབྱོར་སྐབས་སློབ་གྲྭའི་དགེ་རྒན་དང་། ལས་བྱེད། ཡབ་ཡུམ། རྒན་བདག་བཅས་ནས་ཕེབས་བསུ་ཞུས་ཤིང་། སྤྱི་ཁྱབ་དྲུང་ཆེའི་ལས་ཁུངས་སུ་ཁྱུག་ཙམ་སྐུ་ངལ་གསོས་རྗེས་ཚེ་རིང་སྒྲོལ་མའི་ཚོགས་ཁང་དུ་གདན་ཞུས་ཀྱིས་ “སློབ་ཕྲུག་ཚོས་ཤེས་ཡོན་སློབ་སྦྱོང་བྱས་ནས་སྤྱི་ཚོགས་ཀྱི་འགན་ཁུར་ལེན་ཐབས་དང་བཀའ་དྲིན་ཅན་ལ་བསམ་ཤེས་གནང་ཕྱོགས་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཞིང་། དེ་ཡང་ཐོག་མར་བོད་ཁྱིམ་དྲུང་ཆེའི་ལས་རོགས་དགེ་འདུན་རིན་ཆེན་ལགས་ནས་དགའ་བསུའི་གསུང་བཤད་གནང་རྗེས། རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་སྟེ། རྒྱ་གར་གྱི་ཤེས་ཡོན་ལམ་སྲོལ་དང་། ཁྲིམས་ཀྱི་ལམ་ལུགས། འཛིན་སྐྱོང་ལམ་ལུགས་བཅས་ཨིན་ཇིས་གང་བཟོས་རང་འཇགས་གནས་ཡོད་ཚུལ། སྤྱི་མཐུན་གྱི་ལས་དེ་མ་སྨིན་ན་ཧ་ཅང་དཀའ་ཚུལ། ད་ལྟའི་བཟང་སྤྱོད་ཀྱི་གནས་བབ་ཉམས་ཆག་སོང་བ་དེ་ད་ལྟའི་ཤེས་ཡོན་ལམ་སྲོལ་གྱིས་མ་འདེང་བའི་མངོན་རྟགས་ཆེ་ཤོས་ཡིན་ཚུལ། བཟང་སྤྱོད་ཉམས་ཆག་སོང་བ་ལས་ད་ལྟའི་གནས་སྐབས་སུ་འཚེ་བའི་གནས་སྟངས་དང་། དབུལ་ཕྱུག་དབར་གྱི་རྒྱང་ཕད། ཆོས་ཀྱི་མིང་ཐོག་ནས་མི་བསད་ཁྲག་སྦྱོར་དང་གཉའ་གནོན་བཤུ་གཞོག་བཅས་ཤུགས་ཆེར་སོང་ཚུལ། དེང་སང་གི་ཤེས་ཡོན་ལམ་སྲོལ་གྱིས་རང་རྒྱལ་གཞན་ཕམ་དང་གཉའ་གནོན་བཤུ་གཞོག་སོགས་བྱེད་སྟངས་སློབ་པ་ལྟ་བུ་ཡོད་ཚུལ། དེའི་ཆེད་༧གོང་ས་མཆོག་གིས་ཤེས་ཡོན་ལམ་སྲོལ་ནང་བཟང་སྤྱོད་གོང་འཕེལ་གཏོང་ཐབས་དགོས་ཚུལ་ཐོག་ཧ་ཅང་ནན་བརྗོད་གནང་གི་ཡོད་ཚུལ། ཤེས་པ་དེ་ཡོན་ཏན་དུ་གྱུར་ན་ཤེས་ཡོན་ཡིན་ཚུལ། དེ་ལྟ་བུའི་ཤེས་ཡོན་ཡོད་ན་འགན་ཁུར་གྱི་བསམ་བློ་རང་ཆས་སུ་ཡོད་ཚུལ། གལ་ཏེ་ཤེས་པ་དེ་ཡོན་ཏན་དུ་མ་སོང་ན་ད་ལྟ་དེང་རབས་གོང་མའི་སྤྱི་ཚོགས་ནང་སྤྱི་ལས་སྒེར་གཙོ་ཆེ་བ་དང་། ལས་འགན་ལས་ཐོབ་ཐང་གཙོ་ཆེ་བ། མཐུན་ལམ་དང་མཉམ་རུབ་ལས་འགྲན་བསྡུར་གཙོ་ཆེ་བ་སོགས་ཡོང་ཚུལ། རིགས་ཀྱི་མཚོན་རྟགས་གསལ་ཤོས་དང་གཙོ་ཆེ་ཤོས་རང་སྐད་དེ་བརྗེད་ན་རིགས་ལ་འཁྲི་བའི་ལས་འགན་དེ་མ་འགྲུབ་ཚུལ། རྣམ་རྟོག་དང་བརྗོད་ཚིག་གཉིས་གཅིག་ལ་གཅིག་བརྟེན་ཡིན་པས་རང་སྐད་དེ་ཧ་ཅང་གལ་ཆེ་བ་ཡིན་ཚུལ། སྐད་ལ་རང་དབང་མེད་ན། བསམ་སྤྱོད་ལ་རང་དབང་མེད་ཚུལ་དང་། བསམ་སྤྱོད་ལ་རང་དབང་མེད་ན་ལས་དོན་ཐག་གཅོད་ཐོག་རང་དབང་མེད་ཚུལ་སོགས་རྒྱས་པར་གསུངས་རྗེས། དྲི་བ་ཁག་ལ་ལན་འདེབས་གནད་སྨིན་གནང་། མཐར་བོད་ཁྱིམ་གྱི་དྲུང་ཆེའི་ལས་རོགས་དགེ་འདུན་རིན་ཆེན་ལགས་ནས་ཐུགས་རྗེ་བཀའ་དྲིན་ཆེ་ཞུའི་གསུང་བཤད་གནང་སྟེ་གྲོལ།
༢༠༡༧ ཕྱི་ཟླ་ ༩ ཚེས་ ༡༡ ཉིན་སྔ་དྲོ་རཱཇ་པུར་བོད་ཁྱིམ་དུ་ “ཤེས་ཡོན་གྱི་ངོ་བོ་དང་དམིགས་ཡུལ་ཐད་སློབ་ཕྲུག་ངོས་ནས་ལྟ་ཕྱོགས་དང་དེ་གྲུབ་ཆེད་དགེ་རྒན་དང་ཕ་མས་འགན་ཁུར་དང་ལམ་སྟོན་གནང་ཕྱོགས་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཞིང་། དེའང་ཐོག་མར་བོད་ཁྱིམ་དྲུང་ཆེའི་ལས་རོགས་དགེ་འདུན་རིན་ཆེན་ལགས་ནས་དགའ་བསུའི་གསུང་བཤད་གནང་རྗེས། རིན་པོ་ཆེ་མཆོག་གིས་ཤེས་ཡོན་གྱི་ངོ་བོ་དང་། དམིགས་ཡུལ་འཛིན་སྟངས། སློབ་ཕྲུག་ངོས་ནས་ཤེས་ཡོན་གྱི་ངོ་བོ་དང་དམིགས་ཡུལ་ལ་ལྟ་ཕྱོགས། དེ་ལ་དགེ་རྒན་དང་ཕ་མས་འགན་ཁུར་དང་ལམ་སྟོན་གནང་ཕྱོགས་ཇི་དགེ ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར། གཞི་རིམ་ཤེས་ཡོན་སྲིད་བྱུས་ནང་རང་དབང་དང་། གཞན་ཕན། རྒྱུན་འཛིན། གསར་གཏོད་བཅས་དགོས་དམིགས་བཞི་པོ་སློབ་ཕྲུག་གྱི་རྒྱུད་ལ་འཇགས་པར་ཆ་རྐྱེན་དང་བརྒྱུད་ལམ་གང་འདྲ་ཞིག་ནས་ཡོང་དགོས་ཚུལ་སོགས་རྒྱས་པར་གསུངས་རྗེས། དྲི་བ་ཁག་ལ་ལན་འདེབས་ཞིབ་ཕྲ་བསྩལ། མཐར་བོད་ཁྱིམ་དྲུང་ཆེའི་ལས་རོགས་དགེ་འདུན་རིན་ཆེན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་གྲོལ།
ཕྱི་དྲོ་རཱཇ་པུར་ནས་ས་ཧཱ་རན་པུར་བརྒྱུད་མེ་འཁོར་ནང་ཐོན་ཏེ་ ༢༠༡༧ ཕྱི་ཟླ་ ༩ ཚེས་ ༡༢ སྔ་དྲོ་པ་ཋཱན་ཀོཊ་དང་། དེ་ནས་དྷརྨ་ཤཱ་ལཱ་ལ་འབྱོར་བའི་གནས་ཚུལ་མདོར་བསྡུས་སུ།