༈ དིལླཱིར་གསུང་བཤད་གནང་བ།

༄༅།།  ༢༠༡༩ ཕྱི་ཟླ་ ༡༢ ཚེས་ ༨ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བཞུགས་སྒར་དྷ་ས་ནས་ཕེབས་ཐོན་གྱིས་དིལླཱིར་འབྱོར།

ཕྱི་དྲོ་དིལླཱིར་བདག་ཉིད་ཆེན་པོ་གཱཾནྡྷཱི་སྐུ་བཀྲོངས་པའི་གནས་སུ་གདན་འདྲེན་གྱིས་ཇི་ལྟར་སྐུ་བཀྲོངས་ཚུལ་རྣམས་གཱཾནྡྷཱིའི་རྗེས་འཇུག་གྲགས་ཅན་སྐུ་ཞབས་ལཀྵམཱི་དཱས་མཆོག་ནས་འགྲེལ་བཤད་ཞུས་ཤིང་།  དེ་རྗེས་རྒྱ་གར་གྱི་རྒྱལ་ས་དིལླཱིར་རྟེན་གཞི་བྱས་པའི་གཱཾནྡྷཱི་སྨྲྀཏི་དང་དརྴན་སམིཏིའི་གོ་སྒྲིག་འོག་ཚོགས་པ་དེའི་ཚོགས་ཁང་དུ་གཱཾནྡྷཱི་སྨྲྀཏི་ཞི་བདེ་དང་འཚེ་བ་མེད་པའི་གསུང་བཤད་ཕྲེང་བའི་ཁོངས་གསུང་བཤད་དང་པོ་དེ་གནང་ཞིང་། དེ་ནི་བདག་ཉིད་ཆེན་པོ་གཱཾནྡྷཱི་འཁྲུངས་ནས་ལོ་ ༡༥༠ འཁོར་བའི་དུས་དྲན་སྲུང་རྩིའི་ཁོངས་ཡིན་པ་དང་།  སྐབས་དེར་གཱཾནྡྷཱི་རྗེས་འཇུག་གྲགས་ཅན་མང་པོ་ཕེབས་འདུག

༢༠༡༩ ཕྱི་ཟླ་ ༡༢ ཚེས་ ༩ ཉིན་རྒྱ་གར་གྱི་རྒྱལ་ས་དིལླཱིར་རྟེན་གཞི་བྱས་པའི་གཱཾནྡྷཱི་སྨྲྀཏི་དང་དརྴན་སམིཏིའི་གོ་སྒྲིག་འོག་ཊེ་གོར་ཚོགས་ཁང་དུ་འཚེ་བ་མེད་པའི་འཛམ་གླིང་ཆེད་གཱཾནྡྷཱིའི་ལམ་དང་། ཞི་བདེའི་ལེགས་བྱང་ཆེད་ལག་བསྟར་ཐབས་བྱུས་ཐོག་ཉིན་གཅིག་གི་བགྲོ་གླེང་ཚོགས་འདུ་ཞིག་བསྡུ་བསྐོང་གནང་ཞིང་།  དེའི་ཐོག་གསུང་བཤད་གནང་བ་མ་ཟད།   གདན་ཞུས་ཤེས་ཡོན་པ་དང་།  བསམ་བློ་བ།  ཉམས་ལེན་པ་རྣམས་ཀྱིས་བགྲོ་གླེང་ལྷུག་པོ་གནང་འདུག

 

༢༠༡༩ ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་སྔ་དྲོ་དིལླཱི་ནས་ཕེབས་ཐོན་གྱིས་ཨཧམདཱབཱད་དང་ཧུབ་ལི་བརྒྱུད་ཕྱི་དྲོ་མོན་གོར་དུ་ཕེབས་འབྱོར་བྱུང་།