༈  དིལླཱི་ཕྱོགས་སུ་མཛད་འཕྲིན་བསྐྱངས་པ།

༄༅།།  ༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༡༢ ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཝཱ་རཱ་ཎ་སཱི་ནས་དིལླཱིར་ཕེབས་འབྱོར་བྱུང་།

༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༡༣ སྔ་དྲོ་དིལླཱིར་རྟེན་གཞི་བྱས་པའི་ཨཱཡུར་ཛྙཱན་ནྱཱས་  (ཚེའི་ཡེ་ཤེས་དགེ་རྩའི་) ལས་ཁུངས་སུ་ཆེད་དུ་བཟོས་པའི་བཀོལ་སྤྱོད་མཉེན་ཆས་ཤིག་དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་བ་མ་ཟད།   བཀོལ་སྤྱོད་མཉེན་ཆས་དེའི་དབུ་འབྱེད་ཀྱང་གནང་འདུག

ཚེའི་ཡེ་ཤེས་དགེ་རྩ་ཞེས་པའི་ཚོགས་པ་དེ་ནི་འཇིག་རྟེན་ཡོངས་ཁྱབ་བཟང་སྤྱོད་ཀྱི་སློབ་ཚན་འཆར་གཞི་བཟོ་སྐྲུན་བྱེད་པ་མ་ཟད།  རྒྱ་གར་ཁུལ་སློབ་གྲྭ་ཁག་ ༡༩ ནང་ལས་དོན་བྱེད་བཞིན་པ་དང་།  སློབ་དཔོན་ཟམ་གདོང་རིན་པོ་ཆེ་ནི་ཚོགས་པ་དེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་པ་མ་ཟད།  རྒྱུན་ལྡན་ནས་ལམ་སྟོན་དང་སྣེ་ཁྲིད་གནང་མུས་ཡིན་འདུག

༢༠༡༩ ཕྱི་ཟླ་ ༡༡ ཚེས་ ༡༣ ཉིན་ཕྱི་དྲོ་རྒྱ་གར་གྲོགས་པོ་ཁག་ཅིག་གི་གོ་སྒྲིག་འོག་དིལླཱིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ (India International Centre) ཀྱི་ཚོགས་ཁང་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་ལོ་བརྒྱད་ཅུར་ཕེབས་པའི་འཁྲུངས་ཚེས་སྲུང་རྩི་ཞུས་ཤིང་། ཐོག་མར་གོ་སྒྲིག་ཚོགས་ཆུང་ངོས་ནས་དགའ་བསུའི་གསུང་བཤད་དང་།  དེ་ནས་བཀྲ་ཤིས་པའི་ཚིགས་བཅད་གསུང་འདོན།  ༧གོང་ས་མཆོག་གིས་བཀའ་རྩོམ་མཛད་པའི་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་བོད་ཨིན་ཧིན་གསུམ་ནང་གསུང་འདོན།  རྟེན་གསུམ་འབུལ་བཞེས།  མངོན་བསྟོད་གླེགས་བམ་འབུལ་བཞེས།  ན་བཟའ་འབུལ་བཞེས།  དེ་ནས་༧གོང་ས་མཆོག་གི་ཀུན་ཁྱབ་འགན་ཁུར་ཐེབས་རྩའི་དྲུང་ཆེ་སྐུ་ཞབས་རཱཇིབ་མེཧརོཏྲ་དང་།  སློབ་དཔོན་ཆེན་པོ་ཨཱནནྡ་ཀུམཱར།

རྒྱ་གར་གཞུང་གི་ནང་སྲིད་དྲུང་ཆེ་ཟུར་པ་དང་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་ཟུར་པ་འབུམ་རམས་པ་བཱལམིཀི་པྲསཱད་སིངྷ་བཅས་ནས་རིམ་བཞིན་གསུང་བཤད།  འདིའི་ཆེད་དུ་བཟོས་པའི་བོད་གཞས་གཏོང་འབུལ།  སློབ་དཔོན་ཟམ་གདོང་རིན་པོ་ཆེའི་གསུང་བཤད།  འབུམ་རམས་པ་ཀཔིལཱ་བཱཏྶཡཱཡན་གྱི་གསུང་བཤད།  གོ་སྒྲིག་ཚོགས་ཆུང་ངོས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གྲུབ་རྗེས།  ཚོགས་ཞུགས་པ་རྣམས་ཀྱིས་རིན་པོ་ཆེ་མཆོག་ལ་མཇལ་དར་སྒྲོན་འབུལ་གྱིས་འཚམས་འདྲི་ཞུས་ཤིང་། མཐར་གོ་སྒྲིག་ཚོགས་ཆུང་ངོས་ནས་ཚོགས་ཞུགས་པ་ཡོངས་ལ་ཞལ་ལག་འདེགས་འབུལ་གནང་བ་བཅས།