༈ དིལླཱི་དང་ལ་དྭགས་སུ་མཛད་འཕྲིན་བསྐྱངས་པ།
༄༅།། ༢༠༡༩ ཕྱི་ཟླ་ ༧ ཚེས་ ༢༣ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བཞུགས་སྒར་དྷརྨ་ཤཱ་ལཱ་ནས་ཕེབས་ཐོན་གྱིས་དིལླཱིར་འབྱོར་ཏེ་ཚེའི་ཡེ་ཤེས་ཀྱི་དགེ་རྩའི་ (AyurGyan Nyas) ཚོགས་འདུར་ཞུགས། ཚེས་ ༢༤ ཉིན་མཁས་དབང་ཨུདཡན་བཱཇ་པེ་ཡི་ལགས་ནས་སམཱས་ཞེས་པའི་དུས་དེབ་ཆེད་བཅར་འདྲི་རིང་པོ་ཞིག་ཞུས། དེ་ནས་སྔོན་ཚུད་དུས་ཚོད་གཏན་འབེབས་བཞིན་མི་སྣ་ཁ་ཤས་དང་མཇལ། ཕྱི་དྲོ་སླར་ཡང་ཚེའི་ཡེ་ཤེས་ཀྱི་དགེ་རྩའི་ (AyurGyan Nyas) ཚོགས་འདུར་ཞུགས།
ཚེས་ ༢༥ ཉིན་སྔ་དྲོ་དིལླཱི་ནས་ཕེབས་ཐོན་གྱིས་ལ་དྭགས་ཀྱི་སླེའི་གནམ་ཐང་དུ་འབྱོར་སྐབས་ལ་དྭགས་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་དང་། SEBoL ཚོགས་པའི་ལས་སྣེ་རྣམ་པ། Flowering Dharma དགེ་རྩའི་ལས་སྣེ་རྣམ་པ། དེ་བཞིན་ས་གནས་ཀྱི་གནད་ཡོད་མི་སྣ་མང་པོས་ཕེབས་བསུ་ཞུས།
ཚེས་ ༢༦ ཉིན་རྒྱབ་ལ་དྭགས་སླེ་རུ་རྟེན་གཞི་བྱས་པའི་ Flowering Dharma དང་ Local Futures གཉིས་ཟུང་སྦྲེལ་གོ་སྒྲིག་འོག་ན་གཞོན་ལེགས་བྱང་ལྟེ་གནས་ཁང་དུ་དྲན་ཤེས་ལྡན་པའི་མ་འོངས་པ་ཞེས་པའི་ཉིན་བཞིའི་ཟབ་སྦྱོང་གི་ཉིན་དང་པོར་དེང་རབས་ཀྱི་ཀླན་ཀ་ཁག་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་། ཟབ་སྦྱོང་དེར་ས་གནས་ཀྱི་ན་གཞོན་མ་ཟད། ཕྱི་རྒྱལ་བའང་འགའ་ཤས་འདུག
ཚེས་ ༢༧།༢༩།༣༠ བཅས་ཉིན་གསུམ་རིང་ལ་དྭགས་སླེ་རུ་རྟེན་གཞི་བྱས་པའི་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཀླུ་སྒྲུབ་ཚོགས་ཁང་དུ་༧སྐྱབས་རྗེ་རྒྱལ་སྲས་བ་ཀུ་ལ་རིན་པོ་ཆེ་རྗེས་དྲན་གསུང་བཤད་ཁོངས་གང་ཉིད་ཀྱིས་ལྗགས་རྩོམ་མཛད་པའི་དེ་གའི་གཙུག་ལག་སློབ་ཁང་གི་ཚིགས་བཅད་བརྒྱད་ཀྱི་བདག་ཉིད་ཅན་གྱི་རིགས་ཀྱི་གླུའི་འགྲེལ་བཤད་རྒྱས་པར་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་བསྩལ། སྐབས་དེར་གཙུག་ལག་སློབ་ཁང་གི་ངེས་སྟོན་པ་དང་། སློབ་དཔོན་རྣམ་པ། ལས་བྱེད། སློབ་ཕྲུག གཞན་ཡང་མང་ཚོགས་བཅས་ཕེབས་འདུག
ཚེས་ ༢༨ ཉིན་རྒྱབ་ཤེལ་དགོན་པའི་ཉེ་འདབས་སུ་ཆགས་པའི་ལ་དྭགས་ཀྱི་རྡོ་དང་གཏེར་རྫས་སྲུང་སྐྱོབ་སྦྱོང་གནས་འགྲེམས་སྟོན་ཁང་དུ་གཟིགས་སྐོར་གནང་བ་མ་ཟད། བདག་པོ་སྐུ་ཞབས་ཕུན་ཚོགས་དབང་ཕྱུག་ལའང་འདི་ལྟ་བུ་དེ་ཇི་ཙམ་གནད་འགག་ཡིན་པ་དང་། བདག་གཉེར་གནང་སྟངས་སོགས་ལས་འཕྲོས་ཏེ་ལམ་སྟོན་བསྩལ། དེ་ནས་བོད་དང་ལ་དྭགས་ལ་ཧ་ཅང་བཀའ་དྲིན་ཅན་ལོ་ཆེན་རིན་ཆེན་བཟང་པོས་ཕྱག་བཏབ་པའི་ཨལ་ཆི་ (ཨ་ལྕི) དགོན་པར་མཆོད་མཇལ་ཞུས།
ཚེས་ ༣༡ ཉིན་ Socially Engaged Buddhist of Ladakh (SEBoL) དང་། Flowering Dharma Centre དེ་བཞིན་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་བཅས་གསུམ་གྱི་གོ་སྒྲིག་འོག་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་འཕགས་པ་ཀླུ་སྒྲུབ་ཚོགས་ཁང་དུ་ “ཤེས་ཡོན་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་མི་ཚེ། སྲིད་བྱུས་བཟོ་འགོད་བཅས་ཀྱི་ནང་བཟང་སྤྱོད་” ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་འདུག
༢༠༡༩ ཕྱི་ཟླ་ ༨ ཚེས་ ༡ ཉིན་སྔ་དྲོ་ Flowering Dharma Centre ཚོགས་མི་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལམ་སྟོན་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས། དེ་བཞིན་ཕྱི་དྲོ་ Socially Engaged Buddhist of Ladakh (SEBoL) གྱི་ལས་སྣེ་རྣམས་མཇལ་བཅར་གྱིས་ལ་དྭགས་སླེ་རུ་བར་ལམ་ཤེས་ཡོན་ཐོག་ལས་དོན་ཇི་བྱས་སྙན་གསན་ཞུས་པར། གསན་བཞེས་གནང་མཐར་ལམ་སྟོན་ཡང་ཕེབས་འདུག དེ་རྗེས་ལོ་ཆེན་རིན་ཆེན་བཟང་པོས་ཕྱག་བཏབ་པའི་གཙུག་ལག་ཁང་ཆེན་པོ་གསུམ་གྱི་ཡ་གྱལ་མར་ཡུལ་གྱི་མྱར་མའི་(ཉར་མའི་) གཙུག་ལག་ཁང་ཆེན་པོའི་གྱང་གོག་དང་ཤུལ་ལྷག་རྣམས་ལ་མཆོད་མཇལ་ཞུས།
༢༠༡༩ ཕྱི་ཟླ་ ༨ ཚེས་ ༢ སྔ་དྲོ་ལ་དྭགས་སླེ་ནས་གནམ་ཐོག་ཕེབས་ཐོན་གྱིས་ཇམྨུ་དང་། དེ་ནས་སྣུམ་འཁོར་ཐོག་ཕྱི་དྲོ་བཞུགས་སྒར་དྷ་སར་བདེ་འབྱོར་བྱུང་བ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ།