༈ དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་གསང་འདུས་སྐོར་གསུང་ཆོས་གནང་བ།

༄༅།། ཇི་ལྟར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས་གསོལ་བ་བཏབ་པ་བཞིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ ༢༠༡༧ ཕྱི་ཟླ་ ༣ ཚེས་ ༡༦ ནས་ ༣༠ བར་ཉིན་གྲངས་ ༡༥ རིང་རྗེ་བཙུན་ཤེས་རབ་རྒྱ་མཚོ་དཔལ་བཟང་པོས་མཛད་པའི་འདུས་པ་འཕགས་ལུགས་ལྷ་སོ་གཉིས་པའི་ལམ་རིམ་པ་གཉིས་ཀྱི་ཁྲིད་དམིགས་བརྗེད་བྱང་མི་བསྐྱོད་མགོན་པོའི་ཞལ་ལུང་གི་ལྗགས་ལུང་དང་བཀའ་ཁྲིད་བསྐྱངས་ཤིང་། དེའང་ཉིན་དང་པོར་བཀའ་ཁྲིད་དབུ་འཛུགས་བསྐྱང་རྒྱུའི་སྔོན་འགྲོར་ལམ་སྤྱི་

བཤད་ཀྱི་ཚུལ་དུ་དལ་འབྱོར་རྙེད་དཀའ་ནས་བརྩམས་ཏེ་སྔགས་ཀྱི་ཉམས་ལེན་དུ་ཐུན་མོང་བའི་ལམ་རྣམས་ངེས་པར་དུ་སྔོན་དུ་སྦྱང་དགོས་ཚུལ་སོགས་རྒྱས་པར་བཀའ་གནང་བ་མ་ཟད། འབྲེལ་ཡོད་ཕྱག་དཔེ་དང་དེའི་མཛད་པ་པོའི་སྐོར་ལའང་རོབ་ཙམ་གསུངས་ཏེ། ཉིན་གཉིས་པ་ནས་ཉིན་ལྟར་བཀའ་ཁྲིད་དབུ་འཛུགས་སྐབས་ཐོག་མར་དལ་འབྱོར་རྙེད་དཀའ་དང་། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས་སོགས་ལས་བརྩམས་ཏེ་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱིས་གསུངས་པའི་ཚིགས་བཅད་རེ་ལུང་འདྲེན་གྱིས་དེང་སྐབས་ཀྱི་གནས་སྟངས་དང་སྦྱར་ཏེ་འགྲེལ་བཤད་ཞིབ་ཕྲ་དང་སྦྲགས་ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་བྱང་ཆུབ་ལམ་གྱི་རིམ་པ་ནས་ཇི་ལྟར་གསུངས་པ་ལྟར་གསལ་བཏབ་སྟེ་གསན་དགོས་ཚུལ་ལེགས་པར་གདམས་རྗེས་ལྗགས་ལུང་དང་བཀའ་ཁྲིད་ལེགས་པར་བསྐྱངས་པར་མཛད་པ་མ་ཟད། མཇུག་བསྡོམས་སུ་དགེ་བའི་བཤེས་གཉེན་ཇི་ལྟར་བསྟེན་དགོས་ཚུལ་ཐོག་ཏུའང་ལམ་སྟོན་བཀའ་སློབ་མདོར་བསྡུས་བསྩལ། དེ་བཞིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གིས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་ཀྱང་བསྟར་འབུལ་ཞུས།


ད་རེས་གསུང་ཆོས་སུ་གདན་ས་དང་བཤད་གྲྭ་དགོན་སྡེ་ཁག་ནས་དཔེ་ཁྲིད་དགེ་རྒན་དང་། དགེ་བཤེས། སློབ་གཉེར་བ། དེ་བཞིན་དྷ་སའི་ཉེ་འདབས་སུ་གནས་པའི་མཚམས་པ་དང་ཁྱིམ་པ་ཕོ་མོ་སོགས་མི་གྲངས་ ༡༢༠༠ ཙམ་འདུ་འཛོམས་འདུག