༈ དཔལ་ལྡན་འབྲས་སྤུངས་སུ་གསུང་ཆོས་གནང་བ།

༄༅།། ༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་གཙུག་ལག་ཁང་དུ་ ༢༠༡༨ ཕྱི་ཟླ་ ༩ ཚེས་ ༡༩ ནས་ ༢༨ བར་ཉིན་གྲངས་བཅུའི་རིང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་ཤེས་ཀྱི་འགྲེལ་པ་བུདྡྷཔཱལིཏའི་བཀའ་ཁྲིད་སྔ་ལོའི་འཕྲོ་ནས་མུ་མཐུད་བསྐྱངས།

ཕྱི་ཟླ་ ༩ ཚེས་ ༢༨ ཉིན་སྔ་དྲོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཕྱི་ཟླ་ ༩ ཚེས་ ༢༩ ཉིན་སྔ་དྲོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་གོ་སྒྲིག་འོག་གྲྭ་ཚང་གི་གནས་བརྟན་བགྲེས་སོང་རྣམས་ལ་བཀའ་དྲིན་རྗེས་དྲན་དང་། ལྷག་པར་དགེ་བཤེས་བློ་བཟང་ཕུན་ཚོགས་མཆོག་དགུང་གྲངས་བརྒྱ་འཁོར་བའི་མཛད་སྒོར་གསུང་བཤད་གནང་ཞིང་། སྐབས་དེར་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་དང་ཤར་པ་ཆོས་རྗེ་རིན་པོ་ཆེ་རྣམ་གཉིས་ཀྱང་ཆིབས་བསྒྱུར་བསྐྱངས་འདུག

དེ་རྗེས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྒྲིག་གཞིའི་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ལམ་སྟོན་གསུང་བཤད་གནང་།

ཕྱི་ཟླ་ ༩ ཚེས་ ༢༩ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་འབྲས་སྤུངས་བློ་གསལ་གླིང་གི་ཞིང་འབྲོག་ས་ཁུལ་དུ་དུད་འགྲོའི་སྐྱེ་འགོག་དང་འབྲུམ་སྨན་རྒྱག་པའི་ལས་འཆར་སྤེལ་སར་གཟིགས་ཞིབ་ཀྱིས་ལམ་སྟོན་གསུང་བཤད་བསྩལ་ཅིང་། དེ་ནི་ Animal Five Freedoms Action India དང་ Nomad Vet Association གཉིས་ཀྱི་ཐོག་ནས་གོ་སྒྲིག་གནང་བ་ཞིག་རེད།

ཇི་ལྟར་༧སྐྱབས་མཆོག་ཟངས་འབུམ་རིན་པོ་ཆེ་མཆོག་ནས་གསོལ་འདེབས་ཞུས་པ་བཞིན་༢༠༡༨ ཕྱི་ཟླ་ ༡༠ ཚེས་ ༡༠ ནས་ཚེས་ ༡༤ བར་ཉིན་ལྔའི་རིང་འབྲས་བློ་གླིང་སྤོམ་རྭ་ཁང་ཚན་དུ་ལམ་རིམ་སྦྱོར་ཆོས་དྲུག་གི་ཉམས་ཁྲིད་བཤད་པ་བཞི་ལྡན་གནང་ཞིང་། སེམས་བསྐྱེད་ཆོ་གས་ལེན་ཚུལ་ཡང་མདོར་བསྡུས་གསུངས་མཐར། ཉིན་ཞག་ཕྲུགས་གཅིག་ལ་ཉམས་ལེན་ཇི་ལྟར་གནང་ཚུལ་ཡང་མདོ་ཙམ་བཀའ་གནང་འདུག

ཇི་ལྟར་འབྲས་སྤུངས་བློ་གསལ་གླིང་ཕུ་ཁང་ཁམས་ཚན་ནས་གསོལ་འདེབས་ཞུས་པ་བཞིན་༢༠༡༨ ཕྱི་ཟླ་ ༡༠ ཚེས་ ༡༥ ནས་ཚེས་ ༡༩ བར་ཉིན་ལྔའི་རིང་འབྲས་བློ་གླིང་ཕུ་ཁང་ཁང་ཚན་གྱི་གཙུག་ལག་ཁང་དུ་སྲད་རྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་བཀའ་ཁྲིད་རྫོགས་པར་བསྐྱངས་མཐར། ཉམས་ལེན་ལ་སྦྱར་དགོས་ཚུལ་གྱི་ལམ་སྟོན་མདོར་བསྡུས་ཤིག་ཀྱང་བསྩལ།