༈  ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་ཐོག་གསུང་བཤད་གནང་བ།

༄༅།། ༢༠༡༧ ཕྱི་ཟླ་ ༣ ཚེས་ ༦ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་དུས་འགོ་འཛུགས་ཉིན་གྱི་ལས་བྱེད་རྒྱུས་སྟོན་མཛད་སྒོར་དེ་གའི་དགེ་རྒན་དང་ལས་བྱེད་རྣམས་ལ་ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་ཐོག་གསུང་བཤད་ཟབ་རྒྱས་གནང་ཡོད་པ་རེད།  

 

དེ་ཡང་ཐོག་མར་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་འགན་འཛིན་དངོས་གྲུབ་དབང་འདུས་ལགས་ནས་ངོ་སྤྲོད་གསུང་བཤད་གནང་རྗེས།  རིན་པོ་ཆེ་མཆོག་གིས།  དེ་རིང་འདིར་ཕེབས་ཚང་མར་རབ་བྱུང་བཅུ་བདུན་པའི་མེ་བྱའི་གནམ་ལོ་གསར་ཚེས་ལ་དགའ་སེམས་འཁོལ་བའི་ངང་ནས་འཚམས་འདྲི་ཞུ་རྒྱུ་དང་། ལོ་འདི་བོད་མིའི་ཤེས་ཡོན་ཐོག་ཡར་རྒྱས་གང་ལེགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་དང་།  བོད་ཕྲུག་ཁྱིམ་སྡེའི་དབུ་ལས་རྣམ་པས་ང་ལ་གཏམ་བཤད་ཞུ་རྒྱུའི་གོ་སྐབས་ཡང་ཡང་གནང་གི་ཡོད། སྤྱིར་བཏང་ང་རང་གི་ལོ་ནའི་བབ་དང་། ལས་དོན་གྱི་ཆ་ནས་མི་རབས་རྙིང་པ་ཆགས་ནས་སྤྱི་ཚོགས་ཀྱི་དྲན་ཡུལ་ནས་ཡལ་དགོས་པ་དང་།  མི་རབས་གསར་པ་ཚོས་འགན་འཁྱེར་དགོས་པའི་དུས་ཚོད་ཅིག་ལ་སླེབས་པ་ཡིན་སྟབས། བོད་པའི་སྤྱི་ཚོགས་ནང་ཆོས་ཕྱོགས་ཀྱི་གནད་དོན་ཡིན་ན་མ་གཏོགས་འབྲེལ་འདྲིས་སོགས་མང་པོ་བྱེད་མི་དགོས་པ་གཙོ་འདོན་བྱེད་ཀྱི་ཡོད། འོན་ཀྱང་འདི་ནས་ཚང་མས་ཐུགས་རེ་ཆེན་པོ་གནང་བ་ཡིན་སྟབས་ཡང་ཡང་སླེབས་པ་དེ་འདྲ་རེད། གསར་པ་ཞུ་རྒྱུ་ནི་གང་ཡང་མེད།

དེ་རིང་ལོ་འདིའི་སློབ་དུས་གསར་པ་ཚོགས་པ་དང་བསྟུན་དགེ་རྒན་ལས་བྱེད་རྣམས་ལ་ལམ་སྟོན་གྱི་མཛད་སྒོ་ཉིན་གཅིག་གི་མཛད་རིམ་ནང་ “ཆོས་དང་མ་འདྲེས་པའི་བཟང་སྤྱོད་རང་འཁྲིའི་ལས་འགན་བསྒྲུབ་རྒྱུ་” ཞེས་བྲིས་འདུག  ༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འཇིག་རྟེན་སྤྱི་ཡོངས་ལ་སྨན་པའི་གདམས་ངག་མང་པོ་གནང་བའི་ནང་ནས་ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་དང་། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་གཉིས་པོར་འཇིག་རྟེན་ཁྱོན་ཡོངས་ཀྱིས་གདེང་འཇོག་དང་བརྩི་འཇོག་ཧ་ཅང་ཆེན་པོ་ཞུ་གི་ཡོད།  འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་སྐོར་གྱི་གདམས་ངག་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༧༠ དོན་གྲངས་ནས་ནུབ་ཕྱོགས་སུ་༧ཞབས་སོར་འཁོད་རྒྱུ་འགོ་འཛུགས་བྱེད་པའི་སྐབས་ཙམ་ནས་བཀའ་གནང་བ་ཞིག་རེད། དེ་ནི་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་དང་ལེན་དང་། ཉམས་ཞིབ། ཉམས་ལེན་བྱེད་མཁན་ཧ་ཅང་མང་པོ་བྱུང་བ་རེད།

ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་དེ་ཕྱི་ལོ་ ༡༩༩༠ གོ་གྲངས་ནས་ཕྲན་བུ་བཀའ་གནང་རུང་། གཙོ་བོ་བརྒྱ་ཕྲག་ཉེར་གཅིག་པའི་སྟོང་ལོ་གསར་པ་འཆར་སྐབས་བཀའ་གནང་འགོ་ཚུགས་པ་རེད། གདམས་ངག་གཉིས་པོ་དེ་རྣམ་དཔྱོད་ལྡན་པའི་འགྲོ་བ་མི་རིགས་ཡོངས་རྫོགས་ཀྱིས་དད་གུས་དང་། ད་ལྟའི་དུས་སྐབས་ལ་དམིགས་བསལ་གྱིས་དགོས་མཁོ་ཡོད་པར་གཟིགས་ནས་ནུབ་ཕྱོགས་ཀྱི་གཙུག་ལག་སློབ་ཁང་ཁག་ནང་ཉམས་ཞིབ་དང་། ལག་བསྟར་འགྲོ་མུས་རེད། འོན་ཀྱང་ངའི་མཐོང་ཚུལ་ལ་བོད་པའི་སྤྱི་ཚོགས་ནང་དེ་ཙམ་ཐུགས་སྣང་མ་བྱུང་བ་ལྟ་བུ་འདུག

ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་ནི་རིག་པའི་གཞུང་ལུགས་རྒྱ་ཆེན་པོ་ཡིན་སྟབས།  དུས་ཚོད་ཐུང་ངུའི་ནང་ཞུ་ཐབས་མེད་རུང་།  སྒྲོམ་གཞི་ལྟ་བུ་ཞིག་ཞུ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན། ཞེས་དང་།  ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་ཅེས་གསུངས་དགོས་དོན་ནི་དེང་སང་འཛམ་གླིང་ནང་དཀའ་ངལ་སྣ་ཚོགས་ཡོད་ཅིང་།  དེ་དག་མང་ཆེ་བ་འགྲོ་བ་མིའི་བཟང་སྤྱོད་ཉམས་ཆག་ཕྱིན་པ་ལ་བརྟེན་ནས་བྱུང་བ་ཡིན་སྟབས།  སྤྱི་ཡོངས་ཀྱི་ཆ་ནས་བཟང་སྤྱོད་ཡར་རྒྱས་ཡོང་བར་དགོངས་པ་ཡིན།  ཆོས་དང་ཆབ་སྲིད་ཐ་དད་དུ་དབྱེ་བ་ཕྱེ་བའི་རྗེས་སུ་མིའི་བཟང་སྤྱོད་ཀྱི་འགན་འཁུར་དེ་ཆོས་ལུགས་ཁག་ལ་མེད་པ་ལྟ་བུ་ཆགས་པ་རེད།  སློབ་གྲྭ་ཁག་གི་ནང་དུའང་ཆོས་ཀྱི་སློབ་སྟོན་དང་བཟང་སྤྱོད་ཀྱི་སློབ་སྟོན་དེ་མི་དགོས་པ་གཙོ་འདོན་གྱིས་ Secular ཀྱི་ལུང་པ་དེ་ཚོའི་སློབ་གྲྭ་ཁག་ནང་ཆོས་བསླབ་ན་འགྲིག་གི་མ་རེད་ཅེས་པའི་གནས་སྟངས་དེ་རིམ་པས་སླེབས་ཡོང་བ་རེད། དེར་མ་ཟད་དོན་ཚན་གཉིས་པ་ལྟ་བུར། ཆོས་ལུགས་རང་རང་སོ་སོ་ཉམས་ཆག་ལ་ཕྱིན་ནས་ཆོས་ལུགས་ཀྱི་ནང་ནས་བཤད་པའི་དོན་ཇི་བཞིན་དུ་ཉམས་ལེན་བྱེད་མཁན་དཀོན་པོ་ཆགས་པ་རེད། ང་ཚོ་ནང་པ་ལྟ་བུར་ཆ་བཞག་ནའང་ཉིན་ལྟར་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ་ཞེས་འདོན་གྱི་ཡོད་རུང་།  དངོས་གནས་མི་ཚེའི་ཀུན་སྤྱོད་དེ་སྐྱབས་འགྲོ་སེམས་བསྐྱེད་དང་མཐུན་པའམ་ཆོས་དང་མཐུན་པ་བྱེད་ཀྱི་ཡོད་དམ་ཞེ་ན།  དེ་ནི་ཧ་ཅང་དཀའ་ལས་ཁག་པོ་རེད།  བསླབ་པ་ལྔའི་ཚུལ་ཁྲིམས་ཉིན་ལྟར་ལེན་མཁན་དེ་ཚོས་ཀྱང་བསླབ་པ་ལྔའི་ཚུལ་ཁྲིམས་སྣ་གཅིག་ཀྱང་མ་སྲུང་མཁན་མཐོང་དང་མཐོང་བཞིན་པ་རེད། དེར་བརྟེན་ཆོས་ནས་བཤད་པ་དང་གང་ཟག་གི་ཉམས་ལེན་གཉིས་པོ་རྒྱབ་འགལ་ཕྱིན་པ་ཡིན་སྟབས།  ཆོས་དང་འདྲེས་པའི་བཟང་སྤྱོད་ཀྱི་རྣམ་གཞག་དེ་དག་གིས་འཇིག་རྟེན་སྤྱི་ཡོངས་ལ་ཞབས་འདེགས་སྒྲུབ་མ་ཐུབ་པའི་གནས་སྟངས་ཤིག་ཆགས་ཕྱིན་པ་རེད།

གལ་ཏེ་ཆོས་ལུགས་དང་འདྲེས་པའི་བཟང་སྤྱོད་ཉམས་སུ་ལེན་པ་ཡིན་ནའང་།  ཆོས་ལུགས་མི་འདྲ་བ་མང་པོ་ཡིན་སྟབས།  གཅིག་གྱུར་ཡོང་ཐུབ་རྒྱུ་ཁག་པོ་རེད། དཔེར་ན། ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་ཤི་ཀ་གོ་ (Chicago) ལ་འཛམ་གླིང་ཆོས་ལུགས་ཀྱི་གྲོས་ཚོགས་ (World Parliament of Religions) ཚོགས་པའི་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཡོད་པ་བཞིན་འགྲོ་བ་མིའི་ལས་འགན་གྱི་ཡོངས་ཁྱབ་གསལ་བསྒྲགས་ཀྱང་དགོས་ཀྱི་འདུག་ཅེས་ཆོས་ལུགས་ཀྱི་དབུ་ཁྲིད་དྲུག་ཅུ་རེ་གྲངས་ཡོད་པའི་ཚོགས་ཆུང་ཞིག་བཟོས་ཏེ་ཉིན་གཉིས་རིང་བཀའ་བསྡུར་གནང་རུང་བཟོས་ཐུབ་མེད།  དཔེར་ན་འཚེ་བ་མེད་པ་དེ་ཆོས་ལུགས་སོ་སོའི་དགོངས་པ་བཞེས་སྟངས་ཀྱིས་བརྒྱ་ཆ་བརྒྱ་ཐམ་པ་བཟང་སྤྱོད་ཀྱི་ཡན་ལག་ནང་འཁྱེར་ཡོང་རྒྱུ་དཀའ་ལས་ཁག་པོ་ཆགས་ཀྱི་ཡོད་རེད།  དེར་བརྟེན་ཆོས་ལུགས་སོ་སོའི་བཟང་སྤྱོད་མི་འདྲ་ཡོད་པ་ཡིན་སྟབས་སྤྱི་ཡོངས་ལ་ཁྱབ་མི་ཐུབ་པ་དང་།  ལྷག་པར་དུ་ད་ལྟ་སའི་གོ་ལ་འདིའི་ཐོག་མིའི་འགྲོ་བ་ཐེར་འབུམ་བདུན་ཙམ་ཡོད་པའི་ནང་དུ་བརྒྱ་ཆ་གང་ལ་གང་འཚམ་ཞིག་ཆོས་ལ་ཡིད་ཆེས་མེད་མཁན་རེད། དེས་ན་ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་ཀྱི་གནས་བབ་གཅིག་མ་བྱུང་བར་ཆོས་ལུགས་རྐྱང་པའི་ཐོག་བཞག་ན་ཆོས་ཀྱི་ཉམས་ལེན་ཇི་བཞིན་མ་བྱུང་བའི་དབང་གིས་སོ་སོས་ཉམས་ལེན་མ་བྱས་པར་མི་ལ་བྱེད་དགོས་ཞེས་གསུངས་ན་དེ་ལ་ནུས་པ་གང་ཡང་ཡོང་གི་མེད། གཉིས་པ་དེ་ཆོས་ལུགས་མི་འདྲ་བའི་དབང་གིས་བཟང་སྤྱོད་ཀྱི་ལྟ་གྲུབ་དེ་ཡང་མི་འདྲ་བ་མང་པོ་ཞིག་ཡོད་རེད།  གསུམ་པ་དེ་ཆོས་ལ་ཡིད་ཆེས་མེད་མཁན་དེ་ཚོས་དེའི་ཐོག་ལ་མི་མོས་པ་དང་། ལྷག་པར་དུ་ཚན་རིག་གི་རྗེས་འཇུག་པ་དེ་ཚོས་ཆོས་ནས་བྱུང་བའི་གནས་སྟངས་ལ་ཟུར་ཟ་བྱེད་ཀྱི་ཡོད་སྟབས།  ཚང་མས་ཁས་ལེན་པའི་གནས་སྟངས་མེད། དེས་ན་ད་ལྟ་བཟང་སྤྱོད་ཀྱི་གནས་སྟངས་ཤིག་ཤེས་ཡོན་གྱི་ལམ་སྲོལ་ནང་ཡོང་དགོས་ན་དེ་ཆོས་ལུགས་དང་མ་འདྲེས་པ་མ་བྱས་ཐབས་མེད་དུ་གཟིགས་པ་རེད། ཆོས་ལུགས་དང་མ་འདྲེས་པ་ཡིན་ན་སློབ་ཚན་གཞན་བཞིན་དཀའ་ངལ་གང་ཡང་མེད། ཅེས་དང་།

༧གོང་ས་མཆོག་གིས་བརྩམས་གནང་བའི་དགའ་བདེའི་སྒྱུ་རྩལ་ (The art of happiness) ནང་ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་ཀྱི་ས་བོན་དང་པོ་དེ་ཡོད་རེད།  དེ་ནས་སེམས་བཟང་ (Good heart) ནང་དུའང་ཕྲན་བུ་ཡོད་རེད།  དེ་རྗེས་སྟོང་ཚོ་གསར་པའི་བཟང་སྤྱོད་ (Ethics for new Millennium) ནང་བཟང་སྤྱོད་གང་འདྲ་ཞིག་དགོས་མིན་སྐོར་དེ་རེད། དེ་ནས་འཛམ་གླིང་ཡོངས་ལ་ཆོས་ལུགས་ལས་འདས་པའི་བཟང་སྤྱོད་ (Beyond Religion: Ethics for a Whole World) ནང་ཞིབ་ཚགས་པོ་གསུངས་ཡོད།

དེ་ནས་དེང་སང་ཆོས་དང་མ་འདྲེས་པའི་བཟང་སྤྱོད་ཐོག་སློབ་ཚན་དང་།  དེ་དག་ལག་བསྟར་གང་དུ་གནང་གི་ཡོད་མེད་སོགས་རྒྱས་པར་གསུངས།  མཐར་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་རྣམ་གྲོལ་བཀྲ་ཤིས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་གྲོལ།  སྐབས་དེར་དྷ་སྟེང་བོད་ཁྱིམ་གྱི་དགེ་རྒན་དང་ལས་བྱེད་རྣམས་འདུ་འཛོམས་གནང་འདུག