༈ ༸གོང་ས་མཆོག་གི་རང་རྣམ་དཔེ་དེབ་དབུ་འབྱེད་ཞུས་པ།

༄༅།། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ ༢༠༡༧ ཕྱི་ཟླ་ ༥ ཚེས་ ༣ ཉིན་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རང་རྣམ་ ”བཙན་བྱོལ་ནང་གི་རང་དབང་” ཞེས་པའི་དཔེ་དེབ་ཨིན་ཡིག་ལས་བོད་བསྒྱུར་ཞུས་པ་དེ་དབུ་འབྱེད་གནང་ཡོད།   

དེ་ཡང་༸གོང་ས་མཆོག་གི་རང་རྣམ་ ”བཙན་བྱོལ་ནང་གི་རང་དབང་” (Freedom in exile) ཞེས་པ་བསྟན་འཛིན་ཤེས་རབ་ལགས་ཀྱིས་བོད་བསྒྱུར་ཞུས་ཏེ། བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་གནང་བ་དེའི་དབུ་འབྱེད་ཀྱི་མཛད་སྒོ་ཞིག་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བསྐྱངས་ཤིང་། དཔེ་དེབ་དེ་ཨིན་ཡིག་ཐོག་སྐུ་ཞབས་ཨེ་ལེཀ་ཛན་ཌར་ནོར་མན་གྱིས་བརྩམས་པ་དང་། ཕྱི་ལོ་ ༡༩༩༡ ལོར་དཔར་སྐྲུན་ཞུས་ཡོད། དེ་སྔོན་དེབ་དེ་དིལླཱི་བོད་ཁང་གིས་བོད་བསྒྱུར་ཞུས་ཏེ། ཞལ་བྱང་ལ་ “ཕྱི་ཡུལ་གྱི་རང་དབང་” ཞེས་བསྒྱུར་ཟིན་པ་དང་།  བསྟན་འཛིན་ཤེས་རབ་ལགས་ཀྱིས་བསྒྱུར་བ་འདི་ནི་དེབ་དེའི་བོད་ཡིག་གི་འགྱུར་གཉིས་པ་དེ་ཡིན་འདུག

དེབ་དེའི་ནང་གཙོ་བོ་ནི་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་ཏེ་༧གོང་ས་མཆོག་རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས་པའི་སྐོར་འཁོད་ཡོད་པ་མ་ཟད། མི་རིགས་ཤིག་གི་ལས་དབང་དང་། ས་ཡ་དྲུག་གི་བདེ་སྡུག འཛམ་གླིང་ཧྲིལ་པོའི་འགྱུར་འགྲོས། མི་རིགས་གཞན་གྱི་གོམ་སྟབས། བཙན་བྱོལ་ནང་གི་རང་དབང་། བདེན་པའི་སྟོབས་ཤུགས་སོགས་གསལ་འདོན་དང་། དེ་བཞིན་འཚེ་མེད་ཞི་བའི་གལ་གནད་དང་། ཀུན་ཁྱབ་ཐུགས་བརྩེའི་རང་མདངས་སོགས་འཁོད་ཡོད་སྐོར་དཔེ་དེབ་དེའི་རྒྱབ་ངོས་སུ་གསལ་ཡོད།

དེབ་དེའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་དང་། དཔེ་དེབ་སྒྱུར་བ་པོ་བསྟན་འཛིན་ཤེས་རབ་བཅས་ཀྱིས་དཔེ་དེབ་ངོ་སྤྲོད་དང་། སྐུ་མགྲོན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་མཛད་རྣམ་དང་འབྲེལ་ནས་གསུང་བཤད་གནང་དོན། “དེ་རིང་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོའི་རང་རྣམ་གཉིས་པ་ ”བཙན་བྱོལ་དུ་རང་དབང་” ཞེས་པའི་ཕྱག་དེབ་བོད་བསྒྱུར་དབུ་འབྱེད་ཀྱི་མཛད་སྒོར་ཕེབས་པའི་སྐྱབས་ཡུལ་དགེ་འདུན་པ་རྣམ་པ་དང་། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་མཆོག སྒྱུར་བ་པོ་བསྟན་འཛིན་ཤེས་རབ་ལགས། དཔེ་མཛོད་ཁང་གི་དྲུང་ཆེས་དབུས་པའི་འབྲེལ་ཡོད་ལས་བྱེད་རྣམ་པ། དེ་བཞིན་ཕྱི་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་ཚང་མ་ལ་ཐོག་མར་༧གོང་ས་མཆོག་གི་རང་རྣམ་གཉིས་པའམ་རང་རྣམ་རྒྱས་པ་དེ་སྔོན་བོད་སྐད་དུ་བསྒྱུར་ནས་པར་འགྲེམས་ཟིན་པ་དེ་སླར་ཡང་བསྐྱར་བསྒྱུར་གྱིས་འགྱུར་གཉིས་པ་དཔེ་མཛོད་ཁང་ནས་དཔར་སྐྲུན་གནང་བ་དེ་རིང་མང་ཚོགས་ནང་འགྲེམས་སྤེལ་དབུ་འབྱེད་ཀྱི་གོ་སྐབས་སུ་ང་རང་བཅར་རྒྱུ་བྱུང་བར་ཧ་ཅང་སྐལ་བ་བཟང་པོའི་ཚོར་སྣང་བྱུང་།

 

༧གོང་ས་མཆོག་གི་མཛད་རྣམ་རྒྱ་མཚོ་ལྟ་བུ་ཡོད་པའི་ནང་ནས་རང་རྣམ་སྔ་ཕྱི་གཉིས་པོ་དེ་ཐུགས་ཕན་ཆེ་ཤོས་གྲས་རེད། སྤྱིར་བཏང་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་དང་སྐུའི་རྣམ་ཐར་སྐོར་ཕྱི་རྒྱལ་གྱི་རྩོམ་པ་པོས་བྲིས་པའི་དེབ་ཕྲེང་མི་ཉུང་བ་སྐད་ཡིག་གཞན་དུའང་ཡོད། བོད་རིགས་རྩོམ་པ་པོ་ཚོས་ཀྱང་༧སྐྱབས་མགོན་རིན་པོ་ཆེའི་མཛད་འཕྲིན་བྱེ་བྲག་པ་སོ་སོའི་ཐོག་རྩལ་དུ་བཏོན་ནས་བྲིས་པའང་སྣ་ཚོགས་ཤིག་འདུག ཡང་འགའ་ཤས་ཀྱིས་སྙན་ཚིག་གི་ལམ་ནས་རང་རང་སོ་སོའི་ཚོར་སྣང་སྟོན་པ་དེ་འདྲའང་མང་པོ་ཡོད། ལྷག་པར་དུ་གཞུང་འབྲེལ་ཐོག་ནས་༧གོང་ས་མཆོག་གི་མཛད་རྣམ་དེབ་ཐེར་ཡོངས་སུ་རྫོགས་པ་ཞིག་ཐོག་མར་སྐུ་སྒེར་ཡིག་ཚང་ནས་དབུ་འཛུགས་གནང་བ་དང་། རྗེས་སུ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་ཐུགས་འགན་གཙང་མ་བཞེས་ནས་ད་ལྟ་དེབ་ཕྲེང་གང་ལ་གང་འཚམས་ཞིག་ཐོན་ཟིན་པ་མ་ཟད། ད་དུང་མང་བ་འཐོན་རྒྱུ་བསྡད་ཡོད།

དེ་ཚོ་ཚང་མའི་ནང་ནས་རང་རྣམ་གཉིས་པོ་དེ་ལ་དམིགས་ཀྱིས་བཀར་ནས་ཐུགས་གལ་ཆེན་པོ་རེད་ཅེས་ཞུ་དགོས་པ་གང་རེད་ཅེ་ན། རྣམ་ཐར་གྱི་རིགས་ལ་འབྲི་སྲོལ་མི་འདྲ་བ་གསུམ་ལྟ་བུ་འདུག དང་པོ་དེ་རང་རྣམ་གྱི་ཚུལ་སྟེ། གང་གི་རྣམ་ཐར་ཡིན་པ་དེ་རང་ཉིད་ཀྱིས་གསུངས་པ་དེ་རང་རྣམ་རེད། ནུབ་ཕྱོགས་པའི་སྐད་དུ་ Autobiography ཞེས་བརྗོད། གཉིས་པ་དེ་སློབ་མའམ་གཟུ་བོར་གནས་པའི་མི་གཞན་གྱིས་རང་གི་བླ་མའམ་སྐྱེས་ཆེན་དམ་པ་དེའི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་བང་བསྒྲིགས་ནས་འབྲི་བའི་ལམ་སྲོལ་དེ་ལ་རྣམ་ཐར་ཞེས་བརྗོད། གསུམ་པ་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་གནས་སྟངས་ཤིག་སྟེ། ཆོས་རྒྱུན་བྱེ་བྲག་པའི་བརྒྱུད་རིམ་མམ་དགོན་སྡེའམ་གདན་ས་བྱེ་བྲག་པའི་གདན་རབས་ནང་ཕེབས་པ་ཚོའི་བླ་བརྒྱུད་འབྲི་བའི་སྐབས་སུ་སྐྱེས་བུ་དམ་པ་འདི་དང་འདི་ལྟ་བུ་བྱུང་ཞེས་དེའི་མཛད་རྣམ་བྲིས་པ་དང་། ཡང་ན་གདན་ས་སོ་སོའི་ཆོས་འབྱུང་ནང་མཁན་པོ་དང་བླ་མའི་གདན་རབས་བྲིས་པ་ལྟ་བུ་རེད།

རང་གི་སྐུ་ཚེའི་མཛད་སྤྱོད་སྐོར་སོ་སོས་བྲིས་པའམ་གཞན་གྱིས་བྲིས་པ་གང་ཡིན་རུང་། གསུང་རབ་ཡན་ལག་བཅུ་གཉིས་ནང་ནས་དེ་ལྟ་བུའི་བྱུང་བའི་སྡེ་ཚན་ནང་དུ་ཚུད། དེ་ལྟ་བུའི་བྱུང་བ་ཞེས་པ་དེ་ཕལ་སྐད་ནང་བྱུང་རབས་ཞེས་བརྗོད། སྤྱིར་བཏང་ང་ཚོ་བོད་པའི་བྱུང་རབས་ཀྱི་གནས་སྟངས་དེ་ཅུང་ཟད་ཞན་པོ་རེད། བོད་ནང་བྱུང་བ་རིག་པ་དེ་རིག་གནས་གཞན་བཞིན་དམིགས་བཀར་དར་ཁྱབ་མ་ཕྱིན་པའི་དབང་གིས་ང་ཚོའི་བྱུང་བ་རིག་པ་དེ་བརྟན་པོ་གང་ཡང་མེད། ཨིན་སྐད་དུ་ History ཞེས་པ་དེ་ཧིན་སྐད་དུ་ཨིཏིཧཱས་ཞེས་བརྗོད། དེ་ལྟ་བུའི་བྱུང་བ་ཞེས་པ་དེ་ཨིཏིཧཱས་ནས་ཐད་བསྒྱུར་རེད། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དེ་ལྟ་བུའི་བྱུང་བའི་ཡན་ལག་ནང་གང་ཟག་བྱེ་བྲག་པའམ་གང་ཟག་བྱེ་བྲག་པ་དེའི་སྐུ་ཚེའི་དུས་ཀྱི་སྤྱི་ཚོགས་དང་། དགེ་འདུན། བསླབ་པ་སློབ་གཉེར་བྱེད་སྟངས། ཆབ་སྲིད། དཔལ་འབྱོར་སོགས་རང་བཞིན་གྱིས་ཐོན་ཡོང་རྒྱུ་ཞིག་ཡིན་སྟབས། སྤྱིར་བཏང་རྣམ་ཐར་ཞེས་པ་ནི་དེ་བྱུང་རིག་པའི་ཆ་ཤས་སུ་བརྩི་དགོས། ཡིན་ནའང་ང་ཚོ་བོད་པས་རྣམ་ཐར་ཞེས་བཏགས་པ་དེའི་ཐོག་ད་བར་ཉམས་ཞིབ་གནང་མཁན་ཕལ་ཆེར་བྱུང་ཡོད་ཚོད་མི་འདུག། དེ་དུས་ཇི་ཙམ་ནས་བྱུང་མིན་ང་ལ་ཞུ་རྒྱུ་མེད།

འོན་ཀྱང་ང་ཚོའི་དྲན་ཐོག་ལ་མཇལ་རྒྱུ་ཡོད་པ་ཚང་མ་བླ་མ་སྐྱེས་ཆེན་དམ་པ་ཚོའི་སྐུ་ཚེའི་ལོ་རྒྱུས་དེ་ལ་རྣམ་ཐར་ཞེས་མཚན་སྨོས་པའི་ལམ་སྲོལ་འདུག དེ་ནི་བོད་པའི་གསར་གཏོད་རེད། དེ་ལྟ་བུ་བོད་མིས་གསར་གཏོད་བྱས་པའི་གནས་ཚུལ་ཧ་ཅང་མང་པོ་ཡོད། དེ་ཚོའི་ནང་ནས་སྐུ་ཚེའི་བྱུང་བ་ལ་རྣམ་ཐར་ཞེས་བཏགས་པ་དེ་ཧ་ཅང་ཡག་པོ་བྱུང་འདུག རྣམ་ཐར་ཞེས་པའི་མིང་ཚིག་དེ་སྐྱེས་བུ་དམ་པ་ཚོའི་སྐུ་ཚེའི་བྱུང་བ་ལ་འབོད་པ་དང་། བོད་ཀྱི་ལྷ་མོ་འཁྲབ་པའི་སྐབས་སུ་གཏང་རྒྱུའི་གཞས་གདངས་དེ་ལའང་རྣམ་ཐཪ་ཞེས་བརྗོད་པ་དེ་གཉིས་ལས་གཞན་པའི་སྤྱིར་བཏང་རྒྱུན་སྤྱོད་སྐད་ཀྱི་ནང་བེད་སྤྱོད་བཏང་བ་ཨེ་ཡོད། ཡིན་ནའང་གཞུང་ལུགས་ཀྱི་སྐད་ཀྱི་ནང་རྣམ་པར་ཐར་པའི་སྒོ་གསུམ་བཤད་པའི་སྐབས་སུ་ངེས་ལེགས་ཀྱི་ཆ་དེ་དག་རྣམ་ཐར་གྱི་ཁོངས་སུ་འགྲོ། རང་རྣམ་འབྲི་བའི་ལམ་སྲོལ་དེ་ཕལ་ཆེར་ནང་པའི་རིག་གཞུང་གི་གནས་ཚུལ་ཐུན་མོང་མ་ཡིན་པ་ཞིག་རེད། སྟོན་པ་ཐུགས་རྗེ་ཅན་གང་ཉིད་ཀྱི་མཛད་པ་བཅུ་གཉིས་ཀྱིས་མཚོན་པའི་སྐུ་ཚེ་གཅིག་གི་བྱུང་རིམ་དེ་དག་མདོའི་ནང་མདོ་ཚན་བྱེ་བྲག་པ་བྱས་ན་རྒྱ་ཆེན་རོལ་པའི་མདོ་དང་མངོན་པར་འབྱུང་བའི་མདོ་བཅས་གཉིས་རེད། མངོན་པར་འབྱུང་བའི་མདོ་ནི་དེ་བྱུང་རིག་པའི་སྡེ་ཚན་གྱི་ནང་དུ་གཏོགས་པ་དང་། རྒྱ་ཆེར་རོལ་པ་ཞེས་པ་ནི་སྟོན་པའི་མཛད་པ་རྣམས་ཕྱོགས་གཅིག་ནས་རྒྱ་ཆེན་པོ་ཡིན་པ་དང་། ཕྱོགས་གཞན་ནས་ཡིད་དུ་འོང་བ་ཡིན་པའི་གནས་སྟངས་རེད། ལེགས་སྦྱར་གྱི་སྐད་དུ་ལལིཏ་ཞེས་པ་དེ་སྙན་པོའམ་ཡིད་དུ་འོང་བ་དང་། ཡང་ན་ཡིད་འཕྲོག་པོ་ཡོད་པར་བརྟེན་རྒྱ་ཆེན་རོལ་པ་ལ་དེ་ལྟར་བརྗོད། དེ་མིན་བཅོམ་ལྡན་འདས་ཀྱི་མཛད་པ་རྣམ་ཐར་མདོ་སྡེ་གཞན་དུའང་ཟུར་ཙམ་མང་པོ་ཡོང་། ལྷག་པར་དུ་ “འདུལ་བ་ལུང་སྡེ་བཞིའི་” ནང་དུའང་ཡང་ཡང་ཡོང་། ཕལ་ཆེར་མཛད་པ་བཅུ་གཉིས་ཀྱིས་མཚོན་པའི་སངས་རྒྱས་ཀྱི་མཛད་པ་ཡོངས་རྫོགས་འདུལ་བ་ལུང་གི་ནང་མ་སླེབས་པ་ཧ་ལམ་དཀོན། འདུལ་བ་ལུང་ནང་གི་གནས་སྟངས་དེའང་འདུལ་བའི་བཅས་པའི་བྱུང་བའམ་གླེང་གཞིའི་ཆ་ནས་སླེབས་པ་མ་གཏོགས་སངས་རྒྱས་རང་གི་མཛད་པ་བསྟན་པའི་ཆེད་དུ་གསུངས་པ་མེད།

བདག་ཉིད་ཆེན་པོ་གཱཾདྷཱིས་རང་རྣམ་འབྲི་སྐབས་རྒྱ་གར་གྱི་མཁས་པ་གཅིག་གིས་ཁོང་ལ་ཞུས་འདུག སོ་སོའི་ལོ་རྒྱུས་སམ་སོ་སོའི་བྱུང་བ་འབྲི་རྒྱུ་དེ་ནུབ་ཕྱོགས་པའི་ལམ་སྲོལ་རེད། ཤར་ཕྱོགས་པ་དང་རྒྱ་གར་བ་ལ་མི་གཞན་གྱིས་འབྲི་བ་མ་གཏོགས། སོ་སོའི་ངོས་ནས་ངས་འདི་བྱས་པ་ཡིན་ཞེས་རང་རྣམ་འབྲི་བའི་ལུགས་སྲོལ་དེ་མེད། དེ་ནུབ་ཕྱོགས་པའི་ཤན་ཞུགས་པ་རེད་ཅེས་དྲིས་འདུག གཱཾདྷཱིས་དམིགས་ཀྱིས་བཀར་ནས་འདི་འདྲ་འདི་འདྲ་རེད་ཅེས་མཐུན་དཔེ་བཀོད་པ་གང་ཡང་མི་འདུག་སྟེ། ཁོང་གིས་ངའི་མཐོང་ཚུལ་ལ་ནུབ་ཕྱོགས་པའི་ཤན་ཞུགས་པ་མིན། ལྷག་པར་དུ་ངའི་མི་ཚེའི་ནང་ལ་བདེན་པའི་རྣམ་གཞག་ཐོག་སྒྲུབ་པ་ཉམས་ལེན་བྱས་པ་དེ་སྒྲོ་འདོགས་དང་སྐུར་འདེབས་གང་ཡང་མེད་པར་ཇི་མ་ཇི་བཞིན་སྟོན་གྱི་ཡོད་པ་ཡིན་སྟབས། བདེན་པར་སྨྲ་བའི་ཆ་ཤས་ཤིག་ཆགས་ཀྱི་རེད། བདེན་པར་སྨྲ་བའི་ཆ་ཤས་དེ་གལ་ཏེ་ནུབ་ཕྱོགས་པའི་ལད་ཟློས་ཡིན་ནའང་ལད་ཟློས་བྱེད་མི་འོས་པ་གང་ཡང་མ་རེད་ཅེས་གསུངས་པ་དེ་ཡང་རླབས་ཆེན་པོ་ཞིག་འདུག

དེར་བརྟེན་ང་ཚོའི་སྐྱེས་བུ་དམ་པའི་མཛད་འཕྲིན་ལ་རྣམ་ཐར་ཞེས་འབྲི་བའི་རྒྱབ་ལྗོངས་ཀྱི་ཐོག་མའི་དགོངས་གཞི་དགོས་པ་དེ། དཔེར་ན་རྗེ་བདག་ཉིད་ཆེན་པོའི་ལམ་རིམ་ཆེན་མོའི་ནང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བྲིས་པའི་སྐབས་སུ་ས་བཅད་དེ་གཞན་དང་མི་འདྲ་བ་རེད། རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པའི་ཚུལ། རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ། བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ཞེས་ས་བཅད་གསུམ་གྱི་ནང་དུ་ཕྱེ་ཡོད། རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པའི་ཚུལ་ནི་དགུང་ན་ཕྲ་མོའི་གནས་སྐབས་ཀྱི་སྐུ་འཁྲུངས་སྟངས་དེ་རེད། རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ་ནི་འཁྲུངས་པའི་རྗེས་སུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའམ་འཁོར་བ་ནས་ཐར་པར་བགྲོད་པའི་ལམ་གྱི་རིམ་པ་ལ་སློབ་ཚུལ་དེ་རེད། ཡོན་ཏན་བརྙེས་པའི་ཚུལ་དེ་མང་ཆེ་བ་ཐོས་བསམ་སྒོམ་གསུམ་གི་ཡོན་ཏན་རྙེད་སྟངས་དེ་རེད། རྗེ་བདག་ཉིད་ཆེན་པོའི་རང་རྣམ་ཚིགས་བཅད་མའི་ནང་དུ་བསྡོམས་རྒྱག་སྐབས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། མཐའ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས།། ཞེས་གསུངས་པ་བཞིན་ང་ཚོས་རྣམ་ཐར་ལ་འཇུག་པའི་རིམ་པ་དེར་བལྟས་པ་ཡིན་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་སྦྱོར་བ་གཅིག་ལ་བརྗོད། སྦྱོར་བ་ཞེས་པ་དེ་ཨིན་སྐད་ནང་ Experiment དང་། ཧིན་སྐད་ནང་པྲཡོག་ཞེས་པ་དེའི་དོན་དུ་བེད་སྤྱོད་བཏང་བ་ཡིན། གང་ལགས་ཤེ་ན། ལེགས་སྦྱར་སྐད་ཀྱི་པྲཡོག་མཱརྒ་ཞེས་པ་དེ་བོད་སྐད་དུ་སྦྱོར་ལམ་ལ་བརྗོད། ཚོགས་ལམ་གྱི་རྗེས་སུ་སྦྱོར་ལམ་ཞེས་པ་དེ་ Experiment ལྟ་བུ་རེད།  དེར་བརྟེན་གཱཾདྷཱིའི་ “My experiment with truth” ཞེས་རང་རྣམ་ལ་ཧིན་སྐད་དུ་སཏྱ་ཀེ་པྲཡོག་ཞེས་པ་དེ་ཕྱོགས་གཞན་ནས་འགྲེལ་བརྗོད་བྱས་པ་ཡིན་ན་རྣམ་ཐར་ཞེས་པའི་ཚིག་དེ་ཐག་ཉེ་པོ་དང་། རྣམ་ཐར་གྱི་གོ་དོན་དང་གཅིག་པ་ལྟ་བུ་རེད།

བོད་ཀྱི་ནང་པའི་བསྟན་པ་དར་རྒྱས་བྱུང་བའི་རྗེས་ཀྱི་གནས་སྟངས་དང་། དེའི་སྔོན་གྱི་གནས་སྟངས་གང་དུ་བལྟས་ནའང་སྐྱེས་བུ་དམ་པོ་ཚོས་རང་གི་མཛད་པ་འཕྲིན་ལས་རྣམས་སློབ་མས་བྲིས་པའི་རྣམ་ཐར་དང་། ཡང་ན་རང་ཉིད་ཀྱིས་བྲིས་པའི་རང་རྣམ་མཇལ་དུ་ཡོད། འོན་ཀྱང་རང་རྣམ་དཀོན་པོ་རེད། དཔེར་ན་རྗེ་བཙུན་མི་ལ་ལྟ་བུ་བྱ་བྲལ་བའི་རྣལ་འབྱོར་བ་ཆེན་པོ་ཞིག་རེད། འོན་ཀྱང་རང་རྣམ་དང་མགུར་འབུམ་གཉིས་བསྡོམས་པའི་ཐོག་ནས་མཛད་སྤྱོད་ཚང་མ་རྟོགས་ཐུབ་པ་ཞིག་རེད། ཕྱོགས་གཞན་ནས་གང་ཞུ་འདོད་ཡོད་ཅེ་ན། རང་རྣམ་འབྲི་བའི་ལམ་སྲོལ་དེ་ནུབ་ཕྱོགས་ནས་དཔེ་བལྟས་པའང་མ་རེད་ལ། སྔོན་མར་བོད་ལ་མེད་པ་གཅིག་ཀྱང་མ་རེད། བོད་ལ་སྔོན་མ་མེད་པ་མ་ཡིན་པ་ཙམ་མ་ཟད། ནང་པའི་སྤྱི་ཚོགས་ཀྱི་གནའ་བོའི་སྲོལ་རྒྱུན་ཡིན་པ་དེ་ང་ཚོས་ངེས་པར་དུ་མཁྱེན་དགོས། དེ་ལ་རྣམ་ཐར་ཞེས་པའི་མིང་འདོགས་སྟངས་དེ་བོད་པའི་རྣམ་དཔྱོད་ཀྱི་རྩལ་ཆེན་པོ་གཅིག་ཡིན་པ་ལ་ངོས་འཛིན་བྱེད་ཆོག“ ཞེས་དང་། “ད་དུང་ཨིན་སྐད་དང་སྐད་ཡིག་གཞན་ནང་ཡོད་པའི་ཕྱག་དེབ་ཧ་ཅང་མང་པོ་ད་ལྟ་བོད་སྐད་དུ་བསྒྱུར་རྒྱུ་ལྷག་ཡོད། ཨ་རི་ལ་ཡོད་པའི་དགེ་སློང་མ་ཞིག་གིས་འདས་པའི་ལོ་ཉི་ཤུ་རྩ་གྲངས་རིང་༧སྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་ནས་གསུང་ཆོས་ཞུས་པ་ཚང་མ་སྒྲ་འཛིན་འཁོར་ཐག་ཏུ་བཅུག་པ་དང་། མོ་རང་གིས་ཐོ་བརྒྱབས་ནས་དེ་དག་ཚང་མ་དེབ་ཐོག་ལ་བསྒྲིགས་ཏེ་དེབ་དང་པོ་དེ་ཐོན་ཟིན་ཞིང་། BUDDHISM One Teacher, Many Traditions ཞེས་པ་དེ་༧སྐྱབས་མགོན་རིན་པོ་ཆེ་དང་། རྩོམ་པ་པོ་མཉམ་རུབ་ཐོག་ནས་གནང་བའི་བསྟན་པ་སྤྱིའི་རྣམ་གཞག་ཡོངས་སུ་རྫོགས་པ་ཚུད་པ་དེབ་གྲངས་དགུ་ཙམ་ཡོད་པ་ཞིག་རེད། དེ་དག་ཚང་མ་གཞུང་ཆེན་མོའི་གནས་ཚུལ་དང་མཐུན་པ་ཤ་སྟག་རེད།” ཅེས་དང་། ”བསྟན་འཛིན་ཤེས་རབ་ལགས་ཀྱིས་བསྒྱུར་བ་དེ་ངས་ལྟ་ཁོམ་མ་བྱུང་ཡང་། ཧ་ཅང་ཡག་པོ་བསྒྱུར་འདུག་ཅེས་གོ་སོང་།  སྔོན་གྱི་ལོ་ཙཱ་བ་ཚོས་ཀྱང་འགྱུར་ལ་བསྐྱར་ཞིབ་ཡང་ཞིབ་མང་པོ་གནང་སྲོལ་ཡོད་ལ། རྗེ་བདག་ཉིད་ཆེན་པོས་ཀྱང་འགྲེལ་པ་རྩོམ་སའི་གསང་བ་འདུས་པའི་རྒྱུད་དེ་རྩ་རྒྱུད་དང་བཤད་རྒྱུད་སོགས་ལ་འགྱུར་ཞུ་མང་པོ་གནང་ཡོད། འགྱུར་ཟེར་བ་དེ་ཕྲན་བུ་ནོར་ནའང་གོ་དོན་ཆེན་པོ་འཆུག་ཉེན་ཡོད། དེར་བརྟེན་འཕགས་པ་གནས་བརྟན་སྡེ་པས་འདུལ་གཞུང་རྩ་བ་ནས་བསྒྱུར་དུ་བཅུག་མེད། དེས་ན་ཡིག་སྒྱུར་བྱེད་སྐབས་གཟབ་གཟབ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད།” ཅེས་སོགས་བསྩལ།